གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༣༥༽ སྦ་རྒྱལ་ཐོ་རེ་ན་རེ། “དེ་བདེན་པ་རེད། མ་གཞི་རྒྱ་མོ་ཀོང་ཇོ་ཟེར་བ་དེ་གནོད་སྦྱིན་མོ་ཞིག་རེད། ཇོ་བོ་ཟེར་བ་འདི་མོའི་མཆོད་ལྷ་རྒྱ་འདྲེ་ཞིག་རེད།” ཞེས་ཞུས།
༣༦༽ བཙན་པོས། “ཁྱེད་རང་ལ་རྒྱུ་མཚན་དང་བདེན་དཔང་ཅི་ཡོད། ངོ་མ་དེ་འདྲ་ཞིག་ཡིན་ན་སྔོན་ཆད་ནས་བཀྲ་མ་ཤིས་པ་ཞིག་བྱུང་དགོས་ནའང༌། ད་བར་དུ་ངས་དེ་འདྲ་གོ་མ་མྱོང༌།” ཞེས་གསུངས།
༣༧༽ སྦ་རྒྱལ་ཐོ་རེས། “དེ་ལ་རྒྱུ་མཚན་ལོ་རྒྱུས་ཧ་ཅང་མང༌། ཇོ་བོ་ཟེར་བ་འདི་ཐོག་མར་ལྷ་ཡུལ་དུ་ཡོད་དུས་ལྷ་ཕུང༌། དེ་ནས་ཨུ་རྒྱན་དང༌། རྒྱ་གར་མ་ག་ཏ། རྒྱ་ནག བོད་བཅས་པར་འོང་ནས་ཚང་མ་ཕུང་བ་རེད།” ཅེས་ཞུས།
༣༨༽ ཁོས་མུ་མཐུད་དུ། “ལུང་བསྟན་ལྟར་ན་མེས་པོ་སྲོང་བཙན་དགུང་ལོ་གྱ་གཉིས་ལ་བཞུགས་དགོས་པ་རེད་དེ། བར་ཆད་དེའི་དབང་གིས་དགུང་ལོ་བཞི་བཅུར་ཡང་བཞུགས་མ་ཐུབ་པ་མ་རེད་དམ།” ཞེས་ཞུས།
༣༩༽ སྦས་སྟག་སྣས་ཀྱང༌། “ད་དུང་བཙན་པོ་རིམ་བྱོན་མང་པོ་ཞིག་གི་སྐུ་སྲོག་ལ་བར་ཆད་བྱུང་དང་འབྱུང་བཞིན་པ་དང༌། ནད་མུ་གེ་འདི་དག་ཐམས་ཅད་ཀྱི་དུག་རྩ་ནི་རྒྱ་བཟའི་ཁྱེར་ཡོང་བའི་ཇོ་བོ་ཟེར་བ་འདིས་ལན་པ་རེད།” ཞེས་ཞུས།