༄༅། །ནང་པ་སངས་རྒྱས་པའི་བདེན་པ་བཞིའི་ངོ་སྤྲོད།
༄༅། །འཛམ་བུའི་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཞིག་ཡོད་ཀྱང་དེ་དག་ལས་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་རླབས་ཆེན་དང་། རྒྱ་ཆེན་པོ་ཞིག་ཡིན་པ་གསལ་པོ་ཡིན། མི་ཚེ་འཚོ་བར་ཆོས་ཤིག་ངེས་པར་དུ་ཡོད་མི་དགོས་པ་ནི་ཆོས་མེད་མཁན་གྱི་མི་ཞིག་གིས་ཀྱང་། མི་ཚེ་འཚོ་ཐུབ་པར་མ་ཟད་གྲ་འགྲིགས་པོ་ཞིག་ཀྱང་འཚོ་ཐུབ་ཀྱིན་ཡོད། འོན་ཀྱང་བསམ་བློ་ཞིབ་ཚགས་པོ་ཞིག་བཏང་བའི་ཚེ། ཆོས་ནས་བཤད་པའི་བཟང་པོའི་བསླབ་བྱ་དེ་དག་མེད་པ་ཡིན་ན་མི་སྐྱིད་པོ་ཞིག་ཡོང་མི་ཐུབ་པ་གསལ་པོ་ཡིན། རྒྱུ་དངོས་པོ་དང་གཏམ་སྙན་གྲགས་ཇི་ཙམ་ཆེན་པོ་ཡོད་རུང་། ཡིད་བརྟན་འཕེར་བའི་བདེ་སྐྱིད་ཅིག་ཡོང་མི་ཐུབ། སེམས་དུལ་བ་དང་བྱམས་བརྩེའི་ཡོན་ཏན་ཞིག་ཡོད་ན་ཡིད་བརྟན་འཕེར་བའི་བདེ་སྐྱིད་ཞིག་ཡོང་ཐུབ་པ་གསལ་པོ་ཡིན།
དེས་ན་བདེ་སྐྱིད་ཀྱི་རྒྱུའི་གཙོ་བོ་ནང་སེམས་ཀྱི་སྟེང་ནས་ཡོང་དགོས་པ་ཧ་ཅང་གསལ་པོ་ཡིན། ཕྱིའི་རྒྱུ་དངོས་པོ་དང༌། མཐུན་རྐྱེན་ལོངས་སྤྱོད། དེ་བཞིན་དུ་གྲོགས་དང་གཉེན་ཉེ་དུ། སྟོབས་དང་འབྱོར་པ། དབང་ཐང་བཅས་ནི་མཐུན་པའི་རྐྱེན་ཡིན་ཡང་རྒྱུའི་གཙོ་བོ་མིན། རྒྱུའི་གཙོ་བོ་མིན་པའི་རྒྱུ་མཚན་ནི་དེ་དག་ཡོད་ཀྱང་རྐྱེན་གཅིག་ནང་གི་བསམ་བློ་གཏོང་ཕྱོགས་དུལ་པོ་ཞིག་དང༌། ཞི་བ་ཞིག་མ་བྱུང་བ་ཡིན་ན་ད་དུང་མི་དེ་སེམས་ཁྲལ་ཁོ་ན་བྱས་ནས་གནས་དགོས་ཀྱིན་ཡོད། རྐྱེན་གཅིག་པོ་དེ་ཡོད་ན་ལྟོ་གོས་སྐྱོ་པོ་ཡིན་ཡང་མི་དེ་སྐྱིད་པོ་དང་བག་ཕེབས་པོ་བྱས་ནས་གནས་ཐུབ༑ གཉེན་ཉེ་དུ་སུ་ཞིག་མེད་པར་བསེ་རུ་ལྟ་བུར་གནས་ཀྱང་། ཞི་བདེ་བག་ཕེབས་གདེངས་འཁེལ་ནས་གནས་ཐུབ།
སྤྱིར་འཛམ་བུའི་གླིང་འདིའི་སྟེང་མི་གྲལ་ནས་བུད། ཁྱི་གྲལ་ཐོབ་ཅེས་གསུངས་པ་བཞིན་ཁྱི་གྲལ་ལ་སྡོད་མཁན་ཞིག་ཡིན་རུང་ནང་སེམས་ཀྱི་བདེ་སྐྱིད་ཡོད་པ་ནི་གཙོ་བོ་ནང་གི་བསམ་བློ་འཁྱེར་སོའི་ཐོག་ནས་ཡོང་གི་ཡོད་པར་བརྟེན། ཕྱིའི་རྐྱེན་འདི་དག་མེད་ཀྱང་རྐྱེན་གང་ཡོད་ན་བདེ་སྐྱིད་ཡོད་ལ། ཕྱིའི་རྐྱེན་ཚང་མ་འཛོམས་ཀྱང་རྐྱེན་གཅིག་དེ་མ་ཚང་ན་བདེ་སྐྱིད་མི་ཡོང་བ་དེས་རྟགས་ག་རེ་སྟོན་གྱིན་ཡོད་ཅེ་ན། བདེ་སྐྱིད་ཀྱི་རྒྱུའི་གཙོ་བོ་ནང་བསམ་བློའི་ཐོག་ནས་ཡོང་དགོས་པ་ཧ་ཅང་གསལ་པོ་ཡིན༑ དེ་འདྲ་ཡིན་པར་བརྟེན་དེང་དུས་སེམས་ཀྱི་དབང་ཆའམ་སེམས་ལ་མཐོང་ཆེ་རུ་འགྲོ་གིན་ཡོད།
དེ་སྔ་ཚན་རིག་པ་ཚོས་འཛམ་བུའི་གླིང་འདིའི་སྟེང་ཕྱི་དངོས་པོ་ཁོ་ནའི་ཐོག་ནས་འགྲེལ་བཤད་བརྒྱབ་པ་དང༌། དེ་གཅིག་པུས་འགྲེལ་བཤད་རྒྱག་ཐུབ་པར་ཡིད་ཆེས་བྱས་ཏེ་བདེ་དོན་ཕྱི་ནས་བཙལ་ནས་བསྡད་ཡོད། འོན་ཀྱང་དེང་སྐབས་ཕྲ་མོ་ཕྲ་མོའི་ཐོག་ལ་བབས་དུས་སེམས་ཀྱིས་བཏགས་ཚུལ། སེམས་ཀྱིས་ཐ་སྙད་སྦྱོར་ཚུལ་བཅས་ལ་ལྟོས་ཚབས་ཆེན་པོ་ཡོད་པ་བཤད་ཀྱིན་འདུག སེམས་ཀྱིས་འཕེན་པ་གཏོང་ཕྱོགས་ཀྱི་ཁྱད་པར་ལས་ན་ཚ་དྲག་རྒྱུ་དང་ནད་མི་འབྱུང་བར་ཁྱད་པར་ཆེན་པོ་ཡོད་པ་སྨན་གཞུང་ནང་དུའང་གསལ་གྱི་ཡོད། ད་ལྟ་ཕན་ཆད་རྡུལ་ཕྲན་རྐྱང་པའི་སྟེང་ནས་འགྲེལ་བཤད་བརྒྱབ་ནས་བསྡད་པ་དང༌། དེང་སང་ཚན་རིག་གི་ཚད་མཐོན་པོར་སླེབ་པའི་དུས་འདིར་གཞི་ནས་སེམས་དེ་གནས་སྐབས་གང་དུའང་གལ་ཆེན་པོ་ཞིག་དང༌། དབང་ཆ་ཆེན་པོ་ཞིག་ཡོད་པ་བཤད་ཀྱི་འདུག
ནང་པའི་གཞུང་ནས་ཀྱང་རང་ཉིད་ཕུང་ལ་སྦྱོར་མཁན་ཡང་སེམས་ཡིན་ལ། ཕུང་ལ་སྦྱོར་མཁན་གྱི་སེམས་དེ་མེད་པ་བཟོ་བྱེད་ཀྱི་གཉེན་པོ་ཡང་སེམས་ཡིན་ཞིང༌། ས་ལམ་གྱི་ཡོན་ཏན་དང་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་དེ་དག་ཀྱང་སེམས་ཀྱི་སྟེང་ནས་ཡོང་དགོས། མདོར་ན་ཡེ་ཤེས་ཆོས་ཀྱི་སྐུ་ཞུ་བ་ཆོས་སྐུའི་དབྱིངས་ལས་གཟུགས་སྐུའི་རོལ་པ་ལོངས་སྤྲུལ་གྱི་སྐུར་ཤར་བ་དེ་དག་རྩ་བ་སེམས་ཀྱི་སྟེང་ནས་བཤད་དགོས་པས། ནང་པའི་གཞུང་ནས་ཤེས་པའི་རྣམ་གཞག་ཞིབ་ཚགས་པོ་དང་སྤུ་རིས་ཕྲ་མོ་ཕྱེ་ནས་བཤད་པ་དེ་དག་གལ་ཆེན་པོ་ཞིག་ཡིན་པར་མངོན། མི་ཚེ་འདིའི་དབང་དུ་བྱས་ན་ཆོས་ལ་དད་པ་མེད་མཁན་ཞིག་ལ་ཡང་ཆོས་ནས་བཤད་པའི་བསླབ་བྱ། དཔེར་ན་ཕན་སེམས་དང༌། བཟོད་སེམས། ཆོག་ཤེས་བསྟེན་རྒྱུ་བཅས་བཟང་པོའི་ཡོན་ཏན་འདི་དག་རྒྱུད་ལ་ལྡན་ན་རང་བཞིན་གྱིས་སྐྱིད་པ་དང་བག་ཕེབས་པ་ཡོང་བ་དང༌། འདི་དག་རྒྱུད་ལ་མི་ལྡན་ན་སྐྱིད་པོ་ཡོང་གི་མེད།
གང་ལྟར་འཛམ་བུའི་གླིང་གི་ཆོས་བརྒྱུད་འདི་དག་ཕན་ཐོགས་ཆེན་པོ་ཡོད་པ་དང༌། དེའི་ནང་ནས་ནང་ཆོས་དམིགས་བསལ་གྱིས་ཕན་ཐོགས་ཆེན་པོ་ཞིག་ཆགས་ཡོད། དམིགས་བསལ་གང་འདྲ་བྱས་ནས་ཆགས་ཀྱི་ཡོད་ཅེ་ན། ཆོས་ལུགས་གཞན་དག་གིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་ཡོད། དེ་ཡང་ཚད་མ་རྣམ་འགྲེལ་ནང་གསལ་བ་བཞིན་རྟག་པ་རང་བྱུང་གི་སྐྱེས་བུ་ཞིག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་གྲུབ་པར་འདོད་ཀྱི་ཡོད། ཆོས་ལུགས་དེ་དག་ཕན་ཚུན་དཀོན་མཆོག་གི་ངོ་བོ་འཇོག་ཚུལ་མི་འདྲ་བ་ཡོད་སྲིད་ཀྱང༌། འཇིག་རྟེན་བཀོད་པ་པོ་འདོད་པ་གཅིག་མཚུངས་ཡིན་ལ། འཇིག་རྟེན་འདི་དཀོན་མཆོག་གིས་བཀོད་ནས་ང་ཚོ་དེའི་ནང་གི་མི་ཞིག་ཆགས་ཡོད། གང་ལྟར་འགྲེལ་བཤད་འདི་ལྟར་བརྒྱབ་ན་ཚང་མ་དཀོན་མཆོག་གི་ཕྱག་ལ་ཡོད་པ་ལས། ང་ཚོའི་ལག་པར་མེད་པ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་དེས་ཕན་ཐོགས་དང་དགེ་མཚན་ཏན་ཏན་ཡོད༑
ནང་པའི་གཞུང་ནས་བདག་ཉིད་བདག་གི་མགོན་ཞེས་པའི་གོ་བ་ལེན་ཕྱོགས་ལྟར་ན། ང་རང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀོད་པ་ཡང་མིན། གོང་དུ་བཤད་པ་ལྟར་ཤེས་པའི་རྒྱུན་ལ་ཐོག་མ་མེད་པས་སེམས་ཅན་ཡང་ཐོག་མ་མེད་པ་ནས་ཡོད་བསྡད་པ་ཞིག་ཆགས་ཡོད། སྡུག་བསྔལ་ཟད་རུང་ཡིན་པའི་ཆ་ནས་རང་རྒྱུད་ཀྱི་སྡུག་བསྔལ་སེལ་རྒྱུའི་ཐབས་མ་ནོར་བ་ཞིག་ཤེས་པར་བྱས་ནས། དེ་ལག་ཏུ་བླང་ན་རང་རྒྱུད་ཀྱི་སྡུག་བསྔལ་གྱི་རྒྱུ་ཟད་རྒྱུ་ཡོད་པ་དང༌། སྡུག་བསྔལ་གྱི་རྒྱུ་དེ་ཟད་ནས་འབྲས་བུ་སྡུག་བསྔལ་ལས་ཐར་རྒྱུ་ཡོད་པ་ཞིག་གི་ལམ་སྲོལ་ལམ་ཚུལ་ལུགས་འདིའི་སྟེང་ནས་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་ཉིད་ཀྱང་ཚུལ་དེ་ལ་བརྟེན་ནས་ཐ་མལ་བའི་གང་ཟག་ཅིག་མ་ནོར་བའི་ལམ་ལ་བསླབས་ཤིང༌། ཕྱིན་ཅི་མ་ལོག་པའི་ལྟ་བ་རྒྱུད་ལ་སྐྱེས་ནས་མཐར་རང་རྒྱུད་ཀྱི་སྡུག་བསྔལ་གྱི་རྒྱུ་ས་བོན་བག་ཆགས་དང་བཅས་པ་བཅོམ་ནས་གཏན་གྱི་བདེ་བ་མངོན་དུ་མཛད། དེར་བརྟེན་གཙོ་བོ་རང་གི་ལག་པར་ཡོད་པ་ཡིན༑ འདིས་སེམས་ནང་སྤོབས་པ་བསྐྱེད་རྒྱུར་ཁྱད་པར་ཆེན་པོ་ཡོད༑ བསྟན་ཚུལ་འདི་གཞན་དང་མི་འདྲ་བ་ཞིག་ཡིན། འདི་འདྲ་ཡིན་པར་བརྟེན་འཇིག་རྟེན་ཕྱི་མ་ཁས་མ་བླང་ན་ཕྱི་མའི་བདེ་བ་འཚོལ་རྒྱུའི་རྣམ་རྟོག་དང་དཔྱད་པ་གཏན་ནས་ཡོང་ས་མེད།
ཡང་མུ་སྟེགས་པས་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་ཚེ་རབས་མང་པོ་ཞིག་ཁས་བླངས་པ་དང༌། ལས་ཀྱི་ཐོག་ནས་སྐྱེ་བ་བཟང་ངན་ཡོད་པ་ཁས་བླངས་ཀྱང་མཐར་ཐུག་འཇིག་རྟེན་བཀོད་པ་པོའམ་དབང་ཕྱུག་གི་བློ་ཡི་གཡོ་བ་ལ་བརྟེན་ནས་གྲུབ་པ་ཞིག་འདོད་ཀྱིན་ཡོད། འོན་ཀྱང་ནང་པ་སངས་རྒྱས་པས་ནི་ཐམས་ཅད་ལས་ཀྱིས་བྱས་པ་དང༌། དེ་ཡང་རྩ་བ་སེམས་མ་དུལ་བའི་དབང་གིས་བྱུང་བར་འདོད་ཀྱི་ཡོད། མདོར་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་ཚེ་བདེན་པ་བཞི་ལས་བརྩམས་ནས་ཆོས་འཁོར་བསྐོར་ཚུལ་དེ་ལྟར་ཡིན།
རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ་སྐྱེས་བུ་འབྲིང་གི་སྐབས་སུ༑ བདེན་བཞིའི་ཚུལ་འདི་ཆོས་ཀྱི་སྡོམ་ཆེན་པོ་ཞིག་ཏུ་གསུངས་པ་འདིར་ང་ཚོས་གོ་བ་ངེས་པར་ཆགས་དགོས། སྤྱིར་ན་ཚང་མས་མཁྱེན་གསལ་ཡིན་ཡང་བདེན་བཞིའི་ཚུལ་འདི་གལ་ཆེན་པོ་ཡིན་པར་བརྟེན་ད་རིང་ཅུང་ཟད་ཞུ་ན་སྙམ་པ་བྱུང༌། རང་རེས་སྡུག་བསྔལ་མི་འདོད་པར་བརྟེན་སྡུག་བསྔལ་བདེན་པ་དང༌། དེའི་རྒྱུ་ཀུན་འབྱུང་བདེན་པ་སྟེ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་ཚན་པ་གཅིག་དང༌། བདེ་སྐྱིད་འདོད་པར་བརྟེན་བསྒྲུབ་བྱའམ་འདོད་བྱའི་འབྲས་བུ་བདེ་སྐྱིད་ལ་བྱས་ནས། དེ་སྒྲུབ་བྱེད་ཀྱི་རྒྱུ་ལམ་གྱི་བདེན་པ་སྟེ་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ཚན་པ་གཉིས་གསུངས། མདོར་ན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དེ་གཞིར་བྱས་ནས་བདེན་པ་བཞི་བཀའ་སྩལ༑ འདོད་པའི་བདེ་བ་དང་མི་འདོད་པའི་སྡུག་བསྔལ་འདི་དག་དངོས་པོའི་ཆོས་ཡིན་པས་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་ཞིང༌༑ འདི་དག་རྒྱུ་རྐྱེན་ཙམ་གྱིས་བྱུང་བར་བརྟེན་རང་རང་གི་རྒྱུ་དང་རྐྱེན་གསུངས་པ་ཡིན། བདེ་བའི་རང་བཞིན་དུ་གསུངས་པའི་འགོག་པའི་བདེན་པ་ཡང་སྡུག་བསྔལ་སྤངས་པའི་བྲལ་བ་ཞིག་ཏུ་གསུངས་པས་ཚོར་བ་བདེ་བ་མིན་ཀྱང་གཏན་དུ་བདེ་བའི་རང་བཞིན་ཡིན་ལ། འདི་རང་རེས་འདོད་བྱ་ཡང་ཡིན། དེ་ལྟ་བུའི་བྲལ་བ་རྟག་པ་ཡིན་པས་རྒྱུ་རྐྱེན་གྱིས་འདུས་བྱས་པ་མིན་ན་ཡང༌། རྩ་ཤེས་ཊཱིཀ་ཆེན་དུ་གསུངས་པ་བཞིན་སྐྱེས་བུའི་རྩོལ་བ་དང་བྱེད་པ་ལ་བརྟེན་ནས་འགྲུབ་དགོས་པས་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན། དེས་ན་ལམ་གྱི་བདེན་པ་ལ་བརྟེན་ནས་འགོག་པའི་བདེན་པའམ་གཏན་གྱི་བདེ་བ་མངོན་དུ་བྱེད་པ་དང༌། བདེན་བཞི་བཀའ་སྩལ་བ་དེ་ཧ་ཅང་གི་རྩ་བ་ཆེན་པོ་ཡིན།
སྤྱིར་ན་ང་ཚོར་མགོ་ན་བའི་སྡུག་བསྔལ་ཞིག་བྱུང་བའི་ཚེ་དེར་མ་བཟོད་པའི་དབང་གིས་འདི་གང་འདྲ་ཞིག་བྱས་ནས་སེལ་དགོས་སམ། སྨན་གང་འདྲ་ཞིག་བསྟེན་དགོས་སམ་སྙམ་པ་བྱུང་ཡང༌༑ རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོར་སྡུག་བསྔལ་བསམས་ནས་སྡུག་བསྔལ་ལ་མི་འདོད་པའི་བློ་སྐྱེས་པར་གསུངས་པ་བཞིན༑ སྡུག་བསྔལ་ལེགས་པར་ངོ་འཕྲོད་པའི་དོན་དུ་ཚོར་བ་སྡུག་བསྔལ་མིན་ཡང་སྡུག་བསྔལ་བར་བྱེད་པའི་འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་བཅས་སྡུག་བསྔལ་མི་འདྲ་བ་གསུམ་གསུངས། མདོར་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པ་རང་དབང་མེད་པ་གཞན་དབང་ཅན༑ གཞན་དབང་དུ་སོང་བ་དེ་ཉིད་སྡུག་བསྔལ་ཡིན། མཐར་གཏུགས་ན་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་ཀྱང༌། ང་ཚོར་རྟག་ཏུ་སྡུག་བསྔལ་འབའ་ཞིག་བྱུང་བ་རྒྱུ་གང་གིས་བྱས་སམ་སྙམ་ན། དེ་ནི་རྨོངས་པའི་དབང་གིས་འབྱུང་བ་ལས་དེ་མིན་སྡུག་བསྔལ་འབྱུང་བའི་རྒྱུ་གཞན་མེད་པས་མ་རིག་པ་གསུངས། མ་རིག་པ་ལ་རིམ་པ་མང་པོ་ཡོང་སྲིད་ཀྱང༌། མདོར་ན་བླང་དོར་གྱི་གནས་ལ་རྨོངས་པའི་མ་རིག་པ་དང་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་གཉིས་སུ་གསུངས་ལ། ཕྱི་མ་འདི་བདེན་འཛིན་དུ་བཞེད། དེ་ཡང་གནས་ལུགས་ལ་རྨོངས་པའི་དབང་ལས་འབྲས་བུ་སྡུག་བསྔལ་མི་འདོད་པ་དང༌། བདེ་སྐྱིད་འདོད་ཀྱང་འབྲས་བུ་བདེ་སྡུག་གི་རྒྱུ་ལ་མིག་ལྡན་གཡང་མཆོང་ལྟ་བུའི་སྤྱོད་ཚུལ་འདི་མ་རྟོགས་པའམ་ཕྱིན་ཅི་ལོག་གི་ལོག་རྟོག་གི་དབང་ལས་འབྱུང་བའི་རྩ་བ་བླང་དོར་གྱི་གནས་ལ་རྨོངས་པའི་དབང་གིས་འབྱུང་བ་ཡིན་པས་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཀུན་འབྱུང་གི་བྱུང་རིམ་གསུངས། འདི་དག་རྩ་བ་རྣམ་འགྲེལ་དང་ཕར་ཕྱིན་གྱི་གཞུང་དུ་གསུངས་ཀྱང་མཐར་གཏུགས་ན་ཉོན་མོངས་ལེགས་པར་ངོས་མ་ཟིན་ན་འགྲིགས་ཐབས་མེད་པས་ཉོན་མོངས་ཀྱི་རྣམ་གཞག་ཞིབ་ཕྲ་ངོས་བཟུང་བའི་དོན་དུ་དབུ་མའི་གཞུང་དང༌། རྗེ་རིན་པོ་ཆེས་དགོངས་པ་རབ་གསལ་དུ་གསུངས་པའི་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཉོན་མོངས་ངོས་བཟུང་བ་ཤིན་ཏུ་གལ་ཆེ།
དེ་ལྟར་ང་རང་ཚོར་འཁྲུལ་པའི་བློ་ཕྱིན་ཅི་ལོག་གི་རྩ་བ་གཏི་མུག་བདེན་འཛིན་གྱིས་ཡུལ་ཕྱི་ནང་གི་ཆོས་གང་འདྲ་ཞིག་སྣང་བ་ཡིན་ན་ཡང༌། དེ་ཡུལ་སྟེང་ནས་སྣང་བ་དང༌། དེ་ལ་བརྟེན་ནས་གལ་ཏེ་ཡུལ་དེ་འཐད་པ་ཞིག་ཡིན་ན་ནི་དེ་ལ་ཞེན་ཅིང་ཆགས་པ་དང་འདོད་པའི་རྣམ་པ་སྐྱེས་ཤིང༌། གལ་ཏེ་ཡུལ་དེ་མི་འཐད་པ་ཞིག་ཡིན་ན་ནི་དེ་ལ་སྡང་སེམས་སྐྱེ་བས་ཆགས་སྡང་གི་རྩ་བ་གཏི་མུག་བདེན་འཛིན་གྱིས་བྱེད་ཚུལ་ཤེས་པ་ཡིན་ན། རང་རེས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ད་རིང་གཅིག་པུ་མིན་པར་ཚེ་རབས་ནས་ཚེ་རབས་བརྒྱུད་དེ་ནན་གྱིས་དེ་ལྟར་བྱས་ཀྱང་གནས་སྟངས་འདི་ལས་མ་བྱུང་བ་རྩ་བ་གང་འདྲ་ཞིག་གིས་མ་འགྲིགས་པའི་ཚུལ་ལ་བསམས་ན། རང་གི་སེམས་རྒྱུད་ཀྱི་སྟེང་ནས་ལྟ་ཚུལ་ནོར་བ་ཞིག་དང༌། དེ་འདྲའི་ཆགས་སྡང་གི་དབང་གིས་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ལ་རང་དགར་འཇུག་ཅིང༌། དེ་ཡི་དབང་གིས་སྡུག་བསྔལ་ཆུ་ཡི་གཉེར་མ་བཞིན་དུ་འབྱུང་བ་ཡིན།
དེ་ལྟར་རང་ཉིད་ཕུང་བར་བྱེད་པའི་ཉོན་མོངས་ཀྱི་གཞན་དབང་ངམ་བྲན་གཡོག་ཏུ་གནས་ཕྱིན་ཆད་སྐྱིད་པོ་མེད་པ་ཧ་ཅང་གསལ་པོ་ཡིན། དེར་བརྟེན་རྩ་བ་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཉིད་ལས་ཉོན་གྱི་གཞན་དབང་ཅན་དང༌། དེ་གཉིས་ལས་ཀྱང་ཉོན་མོངས་ཀྱི་གཞན་དབང་དུ་འགྱུར་ལ། ཉོན་མོངས་ཞེས་པའི་ཚིག་དེ་ཉིད་བཀྲ་མི་ཤིས་པའི་ཚིག་ཅིག་ཡིན་ཞིང༌། བཀྲ་མི་ཤིས་པའི་ཉོན་མོངས་དེ་ཉིད་དགྲ་ཡི་དྭངས་མ་དེ་ཡིན། སྤྱོད་འཇུག་ཏུ་གསུངས་པ་བཞིན་ཉོན་མོངས་པའི་དགྲ་བོ་འདི་རང་རེའི་རྒྱུད་ལ་གྲྭ་གྲུ་མ་ཉམས་པར་དཔུང་བསགས་ཏེ་གནས་པའི་རིང་ལ་བདེ་བ་གཏན་ནས་མེད། ཉོན་མོངས་གཅིག་པུ་འདིས་ད་བར་རང་རེ་ཕུང་ལ་སྦྱར་བས། ཉོན་མོངས་པའི་དགྲ་བོ་འདི་ལས་རྒྱལ་བ་ཞིག་བྱུང་ན་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་རང་གི་དགྲར་གྱུར་ཀྱང་རང་ཉིད་བླག་རྙེད་མི་ཐུབ། ཉོན་མོངས་པའི་དགྲ་བོ་སྣེ་གཅིག་གིས་ཀྱང་རང་རེ་ཚེ་རབས་དུ་མར་བརླག་པར་བྱེད་ནུས་པས། འདི་འདྲའི་དགྲ་བོ་དེ་རང་རེའི་རྒྱུད་ལ་ཡོད་བཞིན་དུ་བློ་བདེ་བག་ཕེབས་ངང་གནས་ཐུབ་ཐབས་མེད་པ་ཞིག་ཡིན།
ཇི་སྲིད་ཉོན་མོངས་པའི་གཞན་དབང་དུ་སོང་བ་དེ་སྲིད་དུ་བདེ་བ་མེད་པར་མཐོང་བ་གལ་ཆེ། རང་དབང་མེད་ཅིང་ལས་ཉོན་གྱི་གཞན་དབང་ཅན་སྡུག་བསྔལ་གྱི་གཞི་རྩའང་འདི་ཡིན། ཚུལ་དེ་ལྟར་དུ་སྡུག་བསྔལ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེས་ཐུབ་ན་ཇི་ཙམ་ཉོན་མོངས་ལ་ཉེས་དམིགས་སུ་མཐོང་བ་དེའི་ཚོད་ཀྱིས་ཉོན་མོངས་ལ་དགྲར་མཐོང་བ་དང༌། ཇི་ཙམ་ཉོན་མོངས་ལ་མི་འདོད་པ་དང་དགྲར་མཐོང་བ་དེའི་ཚོད་ཀྱིས་ཉོན་མོངས་ལ་ཁ་གཏད་གཅོག་འདོད་དང་འཐབ་འདོད་སྐྱེ་བ་ཡིན།
འོ་ན་ཉོན་མོངས་གཏན་ནས་སྤོང་ཐུབ་པ་སྲིད་དམ་མི་སྲིད་ཅེ་ན༑ ཉོན་མོངས་ཆུང་དུ་འགྲོ་རྒྱུ་ཡོད་པ་ང་ཚོའི་མིག་གིས་མཐོང་ཐུབ༑ ཁོང་ཁྲོ་ཆེན་པོའི་མི་ཞིག་རིམ་གྱིས་བཟོད་པའི་ཕན་ཡོན་བསམ་པ་དང༌། ཁོང་ཁྲོའི་ཉེས་དམིགས་བསམ་པ་ན་ཁོང་ཁྲོ་ཆུང་དུ་འགྲོ་བ་མཐོང་ཆོས་ཡིན། དེ་བཞིན་དུ་འདོད་ཆགས་ཆུང་དུ་གཏོང་ཐུབ། རྐྱེན་དང་འཕྲད་པ་ན་འདོད་ཆགས་ཆེ་རུ་འགྲོ་བ་དང༌༑ ཡང་སྐབས་རེ་ཆུང་དུ་འགྲོ་བའང་ཡོད། འོན་ཀྱང་འདོད་ཆགས་དང་ཁོང་ཁྲོ་གཏན་ནས་མེད་པ་བཟོ་ཐུབ་བམ། འདི་དག་ནི་དངོས་གནས་ལ་ཆགས་སྡང་གི་བློ་ཕྲ་རགས་མང་པོ་ཡོད་པ་དང་བློ་འདི་དག་གི་རྩ་བ་གཏི་མུག་བདེན་འཛིན་གྱིས་བྱེད་པ་དབུ་མའི་གཞུང་དང་ལྷག་པར་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་དཔྱད་པ་ཞིབ་མོ་མཛད་དེ་གཏན་ལ་ཕབ་པ་དེ་དག་ལ་ང་ཚོས་ཞིབ་ཏུ་བསམ་པ་དང༌། བསམས་ནས་ངེས་པ་སྐྱེས་ཐུབ་པ་ཞིག་འབྱུང༌༑ ཉོན་མོངས་ཀྱི་རྩ་བ་གཏི་མུག་བདེན་འཛིན་ཞེས་པ་ནི་ད་ལྟ་རང་རེར་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རྨི་ལམ་ཚུན་ཆད་ལ་ཡུལ་གང་སྣང་ནའང་དོན་སྟེང་ནས་ཡོད་པར་སྣང་གིན་ཡོད།
སྣང་བ་ལྟར་དུ་ཞེན་ཅིང་དེ་ལ་བརྟེན་ནས་ཆགས་སྡང་སྐྱེས་པ་ང་ཚོས་ཤེས་གསལ་ཡིན། དེ་ལྟར་གཏི་མུག་བདེན་འཛིན་གྱིས་རང་ཉིད་ཕུང་ལ་སྦྱོར་ཚུལ་ཤེས་ཐུབ་པ་ཞིག་དང༌། དེ་ལ་ཅུང་ཟད་གོ་བ་ཞིག་ཆགས་ན་གཏི་མུག་བདེན་འཛིན་ཟེར་བ་དེ་ག་འདྲ་ཞིག་ཡོད་པ་བློ་ལ་འཆར་ཐུབ། དེ་དང་ཕྱོགས་མཚུངས་ཆོས་ཐམས་ཅད་བདག་མེད་དུ་གསུངས་པ་དང༌། བདེན་མེད་ཡིན་པའི་སྒྲུབ་བྱེད་དུ་མ་ཞིག་གསུངས་པ་དེ་དག་ལ་མནོ་བསམ་ཞིག་བཏང་ན་དངོས་གནས་བསམ་བློ་གཏོང་ས་ཡོད་པ་ཞིག་ཡིན་པ་བློ་ལ་འཆར་ཐུབ། ཉོན་མོངས་པའི་རྩ་བ་གཏི་མུག་བདེན་འཛིན་དེ་ཉིད་སྟོབས་ཆེན་པོ་ཞིག་ཐོག་མ་མེད་པ་ནས་ད་ལྟའི་བར་རང་རེའི་རྒྱུད་ལ་གྲྭ་གྲུ་མ་ཉམས་པར་གནས་ཀྱང་དེ་ལ་རྩ་བའི་ཁུངས་མེད་པ་དང༌། ཕྱིན་ཅི་ལོག་གི་བློ་ཞིག་ཡིན་པས་རྒྱབ་རྟེན་ཚད་མ་མེད་ལ། ཚུར་ཕྱོགས་ནས་བདག་མེད་རྟོགས་པའི་ཤེས་རབ་དེ་ད་ལྟ་རང་རེའི་རྒྱུད་ལ་གོ་བ་ཙམ་ཡང་ཆགས་དཀའ་བ་ཞིག་ཡིན་ཡང་སྤོབས་པའི་སྟོབས་བསྐྱེད་དེ་འབད་ན་གང་འཚམས་རྗེས་རང་རྒྱུད་ལ་ངེས་ཤེས་ཐོབ་པ་ཞིག་བྱུང་ན་ནི་དེ་ལ་རྒྱུ་མཚན་ཡོད་པ་དང༌། རྒྱུ་མཚན་ཡོད་པ་དེ་ཇི་ཙམ་དཔྱད་པ་དེ་ཙམ་དུ་ངེས་པ་ཤུགས་ཆེ་རུ་འགྲོ་བས་འདི་ལྟར་གཏི་མུག་བདེན་འཛིན་ཉིད་ཟད་རྒྱུ་དང༌། སྟོབས་ཆུང་དུ་འགྲོ་རྒྱུ་ཡོད་པ་ཤེས་ཤིང༌། སྟོབས་ཆུང་དུ་སོང་བ་ཙམ་དུ་མ་ཟད་གཏན་ནས་ཟད་པའང་ཡོད་ཚུལ་རྣམ་འགྲེལ་ལེའུ་གཉིས་པའི་སྐབས་ནས་གསུངས་པ་དང༌། ལྷག་པར་རྒྱུད་བླ་མའི་ནང་ཞིབ་ཅིང་ཕྲ་བའི་བཤད་པ་མཛད་པ་བཞིན་སྤང་བྱ་ཉོན་མོངས་དེ་དག་ཕྱིན་ཅི་ལོག་གི་བློ་ཡིན་པས་གློ་བུར་བའི་ཚུལ་དུ་གནས་ཤིང་ཡུལ་རིག་པའི་ནུས་པ་དེ་རང་ཆས་སུ་གནས་པ་ཞིག་དང༌། སྐྱོན་ཅན་གྱི་བློ་དེ་རྣམས་འབྲལ་རུང་གི་ཚུལ་དུ་གནས་པ་དང་རྩ་བའི་སེམས་ཀྱི་གཤིས་ལ་ཞུགས་མེད་པ། སེམས་རང་བཞིན་གྱིས་འོད་གསལ་བ་བཅས་ཀྱི་གོ་དོན་ཕན་ཚུན་བསྡུར་ནས་དཔྱད་ན་སེམས་ལ་ཕྲན་བུའི་བཟོ་ལྟ་ཞིག་ཆགས་རྒྱུ་ཡོད།
རང་གི་རྒྱུད་ལ་གནས་ཤིང་ད་བར་རང་ལ་སྡུག་པོ་གཏོང་མཁན་གྱི་ཉོན་མོངས་ཟེར་བ་དེ་ཟད་རྒྱུ་ཡོད་པར་ཤེས་པ་ན་དུས་ད་ལྟ་བར་དུ་ཕུང་ལ་སྦྱོར་མཁན་གྱི་ཕུང་བྱེད་དེ་ཉིད་གནས་གང་ཡང་རུང་བ་ཞིག་ནས་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་འགོག་པའི་བདེན་པ་ཞེས་གཏན་དུ་བདེ་བའི་བྲལ་བ་ཐོབ་རྒྱུ་ཡོད་པ་བློ་ལ་འཆར་བའི་ཚེ་བྲལ་བའི་ཡོན་ཏན་དེ་ཐོབ་ན་དངོས་འབྲེལ་སྐྱིད་པོ་ཡིན་པར་ཤེས་པ་ཡིན། དེ་ཡང་གཉེན་པོ་ལམ་བདེན་སྐྱེས་པའི་སྟོབས་ཀྱིས་སྤང་བྱ་སྤོང་དགོས་པ་ལས་སྤང་བྱ་སྐད་ཅིག་མ་སྔ་མ་སྐད་ཅིག་ཕྱི་མའི་གནས་སྐབས་སུ་འགག་འགྲོ་བའི་དོན་མིན།
དེ་ལྟར་བདེན་པ་བཞི་ལ་དཔྱད་པ་བྱེད་པ་ན་བཅོམ་ལྡན་འདས་ཀྱིས་འགྲོ་བའི་མིག་ཁ་འབྱེད་པའི་ཆོས་འཁོར་ཞིག་བསྐོར་བར་ངེས་པ་རྙེད་ནས་འདི་འདྲ་ཞིག་ཡོད་བཞིན་དུ་དེའི་རྗེས་སུ་འབྲངས་ནས་ཉམས་ལེན་ཞིག་མ་བྱེད་ན་ཐབས་མི་འདུག་སྙམ་པ་བློ་ལ་འཆར་བ་ཞིག་འོང༌། དེ་འདྲ་བའི་བདེན་པ་བཞིའི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་ཤེས་པ་ལ་ད་ལྟ་བཤད་མ་ཐག་པ་བཞིན་རྩ་བ་གཏི་མུག་བདེན་འཛིན་ནམ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོད་དམ་མེད་པ་དེར་ཐུག་པ་ཡིན། དེ་ལྟ་ན་དབུ་མའི་གཞུང་ནས་གསུངས་པའི་བདེན་གཉིས་ཀྱི་རྣམ་གཞག་གི་སྟེང་ནས་ཆོས་རྣམས་ཀྱི་སྣང་ཚུལ་དང་གནས་ཚུལ་གཉིས་བསྒྲིགས་ནས། དེ་གཉིས་ཀྱི་དབྱེ་བ་འབྱེད་པ་ཤིན་ཏུ་ནས་གལ་ཆེ།
དེ་ཡང་རྒྱུན་དུ་ངོས་ནས་ཞུས་པ་བཞིན་བསམ་བློ་གཏོང་ས་དང༌༑ ལམ་གྱི་བང་སྒྲིག་ས་མངོན་རྟོགས་རྒྱན་དུ་གསུངས་པ་བཞིན། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་དབུ་མའི་གཞུང་ནས་གསུངས་པའི་གཞི་བདེན་པ་གཉིས། བདེན་པ་གཉིས་ཀྱི་ཐ་སྙད་ཙམ་གྲུབ་མཐའ་གོང་འོག་ཚང་མས་འདོད་པ་ཞིག་ཡིན་རུང་བདེན་པ་གཉིས་ཀྱི་དོན་དེ་དབུ་མའི་གཞུང་ནས་གསུངས་པའི་བདེན་པ་གཉིས་དེར་བྱས༑ དེའི་སྟེང་དུ་ཚིག་གསལ་ནས་གསུངས་པ་བཞིན་རྟེན་འབྱུང་འཐད་ན་འབྲས་བུ་སྡུག་བསྔལ་འཐད་ཅིང༌། འབྲས་བུ་སྡུག་བསྔལ་འཐད་ན་རྒྱུ་ཀུན་འབྱུང་འཐད་པ་དང༌། འགོག་བདེན་དང་ལམ་བདེན་ཡང་འཐད་ཅེས་གསུངས་པ་ལྟར་དང༌། དེ་འཐད་ན་ཆོས་དཀོན་མཆོག་འཐད་ལ། དེ་འཐད་ན་དེ་རྒྱུད་ལྡན་གྱི་གང་ཟག་འཕགས་པའི་དགེ་འདུན་བཞི་ལ་སོགས་པ་འཐད་པའམ་ཡོད་ཆོག་པ་ཡིན། དེ་འཐད་ན་མི་སློབ་པའི་དགེ་འདུན་སངས་རྒྱས་འཕགས་པ་འཐད་ཅེས་གསུངས་པ་བཞིན། བདེན་པ་གཉིས་ལས་བདེན་པ་བཞི་ལ་གོ་བ་བསྐྱེད། བདེན་པ་བཞི་ལས་ཆོས་དཀོན་མཆོག་ལ་གོ་བ་བསྐྱེད། དེ་ལ་བརྟེན་ནས་སངས་རྒྱས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་རྣམས་གཞི་ནས་རང་རེས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་པའི་ཚེ་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་རྒྱ་གར་ལ་བཅོམ་ལྡན་འདས་ཞུ་བ་ཞིག་བྱུང་བ་དང༌། གང་ཟག་དེ་ཧ་ཅང་གི་རྩ་བ་ཆེན་པོ་རེད། སྐྱབས་སུ་མཆི་ཞེས་བརྗོད་པ་ལྟ་བུ་མིན་པ་ཞིག་བློ་ལ་འཆར་རྒྱུ་ཡོད༑
ལྷག་དོན་རང་རེ་བོད་ཀྱི་ཆོས་འདི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཉམས་ལེན་ཡོད་པ་ཞིག་ཡིན་པས་སངས་རྒྱས་ཞེས་བརྗོད་པའི་ཚེ་སྐུ་བཞིའི་རྣམ་གཞག་ཅིག་བློ་ལ་འཆར་བའི་སྟེང་ནས་སངས་རྒྱས་ངོ་འཕྲོད་པ་ཞིག་དགོས་པ་ལས་ལོ་རྒྱུས་ཀྱི་དབང་དུ་བྱས་པའི་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་དེ་ཙམ་ཞིག་བློ་ལ་ཤར་བས་འདང་གི་མེད། དེ་ལྟར་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་ཤིག་བློ་ལ་འཆར་བ་དང༌། དེ་འདྲ་ཞིག་འཐད་སྙམ་དུ་སེམས་པ་ཞིག་མ་བྱུང་བར་དུ་སྐྱབས་འགྲོ་བརྟན་པོ་ཞིག་འབྱུང་ཐུབ་པ་དཀའ།
དེ་ཡང་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་འཇུག་ངོགས་ནི་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་བ་དན་ས་གསུམ་ན་གཡོ་བ་དེ་ཡི་བསྟན་པ་ཁོ་ན་ཡིན་ཏེ། ཞེས་པ་ལྟར་དེ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པའི་ཁྱད་པར་ཤེས་ན་གཞི་ནས་བསྟན་པ་དེ་སྟོན་པའི་སྟོན་པ་དེ་ལ་ཤེས་ནས་དད་པ་ཐོབ་པ་ཡིན། རང་རེས་རྒྱུན་དུ་ཆོས་དཀོན་མཆོག་དེ་སྐྱབས་དངོས་ཡིན་ཞེས་བཤད་ཀྱིན་ཡོད༑ ཆོས་དཀོན་མཆོག་སྐྱབས་དངོས་གནས་ཡིན་ཚུལ་ར་འཕྲོད་པའི་སྟེང་ནས་སྟོན་པ་ལ་ཤེས་ནས་དད་པ་འཐོབ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ། དེ་མིན་རང་རེ་དགོན་པར་སྡོད་པའི་ཚེ་གྲྭ་ཆས་གྱོན། དཔེ་ཆ་བལྟས། ཉམས་ལེན་ཡང་གང་འཚམས་བྱས༑ ཡང་འདུ་འཛིའི་གཡེང་བའི་གནས་སུ་འཁོད་པའི་ཚེ་རྣམ་འགྱུར་རྣམས་བརྗེས་ཏེ་ཐོག་མར་ཉམ་ཆུང་ཡོད་པ་དེ་ཡང་མཇུག་ཏུ་མགོ་ཀྱེར་ཀྱེར་ཞིག་ཆགས། གང་ལྟར་འདྲ་མིན་སྣ་ཚོགས་ཤིག་ཏུ་འགྱུར་འགྲོ་བ་འདི་ནང་སེམས་ལ་ལེགས་བཅོས་མ་ཐེབས་པའི་རྟགས་གསལ་པོ་ཡིན།
རང་རེའི་བོད་གངས་ཅན་གྱི་ལྗོངས་ཀྱི་སྔ་མོའི་གནས་སྟངས་ལྟ་བུ་ཞིག་ལ་མཚོན་ན། འཛམ་བུའི་གླིང་གི་འདུ་འཛིའི་གཡེང་བ་འདྲ་མི་འདྲ་དང་ལྟ་བ་འདྲ་མི་འདྲ་གང་དང་ཡང་འཕྲད་རྒྱུའི་གོ་སྐབས་རྩ་བ་ནས་མེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་རིགས་འགའ་ཞིག་སེམས་མ་དུལ་ཡང་གནས་སྟངས་དང་རྐྱེན་དམིགས་བསལ་ཞིག་གི་འོག་ནས་འགྲོ་སྟངས་ཤིག་ཆགས་ཡོད་ཅིང༌༑ དེ་ལ་སྐབས་འབྲེལ་གྱི་ཁྱད་ཆོས་ཤིག་ཀྱང་བྱུང་ཡོད། དེང་གི་ཆར་ཕྱི་ནང་གི་རྐྱེན་མང་པོ་ཞིག་འཕྲད་པའི་དུས་འདིར་རང་རེའི་དད་པ་དེ་ཡང་ཤེས་ནས་དད་པ་ཐོབ་པ་ཞིག་མ་བྱུང་ན་དཀའ་མོ་ཡིན། དཔེ་ཆ་སློབ་གཉེར་བ་ཚོའི་དད་པ་འདི་བསམ་བློ་ནན་པོ་ཞིག་བཏང་ན་འདྲ་གི་མེད། ངས་རྟག་ཏུ་ང་ཚོའི་སྤྱི་ཚོགས་ནང་དཔེ་ཆ་ལྟ་དགོས་ཀྱི་འདུག་ཅེས་བཤད་ཀྱིན་ཡོད། ང་ཚོའི་མང་ཚོགས་ཀྱིས་ཆོས་ལ་སློབ་གཉེར་བྱེད་དགོས་ཀྱི་འདུག ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་དེ་ཡང་ཕྱོགས་གཅིག་ནས་ལམ་རིམ་དང་བློ་སྦྱོང་ལྟ་བུ་ལ་བསླབས་ནས་ཕྱི་ནང་གི་ཁྱད་པར་ཤེས་པར་བྱ་རྒྱུ་དང༌།
ཡང་ཕྱོགས་གཞན་ནས་ནང་པའི་གྲུབ་མཐའི་ནང་གསེས་གྲུབ་མཐའ་བཞིའི་ཁྱད་པར་རྣམས་ཤེས་དགོས་ཀྱི་འདུག དེ་རྣམས་ཤེས་ན་སངས་རྒྱས་བཅོམ་ལྡན་འདས་དང༌། ནང་པའི་ཆོས་ཞེས་བརྗོད་པའི་ཚེ་ཁྱད་པར་འདི་རྣམས་བློ་ལ་འཆར་བའི་སྟེང་ནས་སངས་རྒྱས་ཀྱི་ཆོས་སེམས་ལ་ཕྲ་ལམ་མེར་ཤར་བ་ཞིག་ཡོང་བ་ཡིན། དེ་ལྟར་མིན་ན་སངས་རྒྱས་བཅོམ་ལྡན་འདས་དང༌། ཡེ་ཤུའི་སྟོན་པ་མ་ཤི་ཀ་དང༌། མཧཱ་མཱད་ལྟ་བུ་རྣམས་གཅིག་པ་འདྲ་ཞིག་ཏུ་འགྱུར་ན་དེ་འདྲ་ཞིག་ཡིན།
ང་ཚོས་ཆོས་ལུགས་གཞན་དག་ལ་དམའ་འབེབས་དང་མ་གུས་པ་བྱེད་ཀྱི་མེད། མ་གུས་པ་བྱེད་དགོས་ཞེས་བརྗོད་ཀྱི་མེད༑ སོ་སོའི་ཆོས་ཀྱི་ཁྱད་པར་རྣམས་ཤེས་པར་བྱེད་དགོས་ཞེས་ཟེར་གྱིན་ཡོད། དེ་གལ་ཆེན་པོ་འདུག ཆོས་ལུགས་གཞན་དག་ལ་མ་གུས་པ་བྱེད་ན་དགོས་པ་གང་ཡང་མེད། ནང་པ་ཚང་མ་དཔུང་བསྒྲིགས་ནས་ཆོས་ལུགས་གཞན་དག་མེད་པར་བཟོ་མི་ཐུབ། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུའང་རྒྱ་གར་ཡོངས་རྗོགས་ནང་པར་བསྒྱུར་ཐུབ་མེད་ན་ད་ལྟ་ང་ཚོས་ནང་པར་བསྒྱུར་ག་ལ་ཐུབ། ངས་རྒྱ་གར་བ་ཚོར་རྒྱུན་དུ་འདི་ལྟར་ཤོད་ཀྱིན་ཡོད། ཧིན་དུའི་ཆོས་པ་ཚོས་ཞོགས་པ་ཁ་ཏོན་བྱེད་པ་དང༌། ལེགས་སྦྱར་གྱི་ཚིག་འགའ་རེ་བཏོན། མེ་ཏོག་ཕུལ། སྤོས་དྲི་མ་ཚ་པོ་བདུག་པ་དེ་ཙམ་གྱིས་འགྲིགས་ཀྱི་མེད༑ མུ་སྟེགས་པའི་གཞུང་ནས་གསུངས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་དག་ལ་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་ཤོད་ཀྱིན་ཡོད། དེ་བཞིན་དུ་རང་རེ་ནང་པ་ལ་མཚོན་ནའང་ང་ཚོ་མང་ཆེ་བས་ཁ་ཏོན་བྱེད་པ་དང༌། ལག་ཏུ་ཕྲེང་བ་འདོགས་ཀྱིན་ཡོད། དེ་ལྟ་ནའང་དངོས་འབྲེལ་ཆོས་ཞེས་པ་སེམས་དུལ་བ་ཞིག་དང༌། སེམས་ལ་བཟོ་བཅོས་ཐེབས་པ་ཞིག་དགོས་པ་ལ༑ དེར་དོ་སྣང་དེ་ཙམ་མི་བྱེད་པར་ཉིན་རེར་ཁ་ཏོན་ཉུང་ངུ་ཞིག་བྱ་རྒྱུ་དང༌། གཟུངས་སྔགས་བགྲང་རྒྱུ། དུས་དུས་སུ་ཕྱག་འཚལ་སྐོར་མཆོད་བྱ་རྒྱུ་དེ་ཙམ་གྱིས་ནང་པའི་ཆོས་བྱེད་པའི་གོ་ཆོད་པའི་རྣམ་པ་ཞིག་མང་ཚོགས་ནང་མངོན་གྱིན་འདུག འདི་ཏན་ཏན་ནོར་བ་ཡིན། སྤྱིར་བཏང་མང་ཚོགས་ནས་ཆོས་ལ་བསླབ་དགོས་ཀྱི་འདུག་ཅེས་ངས་རྟག་པར་འབོད་བསྐུལ་བྱེད་ཀྱིན་ཡོད། ལྷག་པར་བསླབ་པ་སློབ་གཉེར་གནང་མཁན་རྣམས་གཞན་དང་འདྲ་གི་མེད། རྣམ་ཀུན་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་དུ་གསལ་བ་བཞིན་སྡེར་རྩེ་ནང་ལ་གཏད། སྡེར་རྩེ་ནང་ལ་བཀུག་ཏེ་བསམ་བློ་གཏོང་ཤེས་པ་ཞིག་བྱུང་ན་གཞན་དང་མི་འདྲ་བའི་ས་ཆོད་ཆེན་པོ་ཡོད། ཡང་སྡེར་རྩེ་ནང་ལ་མ་བསྟན་པར་གཤགས་འགྱེད་པ་ཙམ་གྱི་འཆད་ཉན་ལ་སོང་ན་མཚན་ཉིད་པ་རྣམས་ཁ་བདེ་ཡང་རྒྱུད་མ་དུལ་བ་ཞིག་ཏུ་གྱུར་ན་ཡག་པོ་མིན། རྣམ་ཀུན་ཁ་རྒྱུན་དུའང༌། ཀ་བ་ལགས་དང་རྡུང་ཀ་མ་རྒྱག དགེ་བཤེས་ལགས་དང་རྩོད་པ་མ་རྩོད༑ ཅེས་བཤད་སྲོལ་ཡོད་པ་བཞིན་གཞན་སུ་ལའང་བཟོ་ལྟ་སྤྲོད་ཐུབ་པའི་དགེ་བཤེས་ཧ་ཅང་ཞལ་བདེ་པོ་ཞིག་བྱུང་ནའང་ཕན་གྱི་མེད། འཆི་ཁར་ཁ་བདེ་པོ་བཤད་ས་ཡོད་ན་འགྲིགས་ཀྱང་དེ་ལྟར་མེད། སེམས་རྒྱུད་ཀྱི་ཉོན་མོངས་དེ་མཚན་ཉིད་པ་དང་འདྲ་བའི་ཁ་བདེ་པོ་མེད་རུང་དབང་ཆེན་པོ་ཡོད། གང་ལྟར་སྡེར་རྩེ་ནང་ལ་བཀུག་ནས་བསམ་བློ་གཏོང་མ་ཐུབ་ན་དཀའ་མོ་རེད། དགེ་བཤེས་ཡག་པོ་མ་བྱེད་ན་བོང་བུ་སུག་མཐིལ་ལ་སྐྱེས་ཡོང་ཞེས་བཤད་སྲོལ་ཡོད།
དེ་ལྟར་རང་རེའི་སེམས་རྒྱུད་དུལ་དགོས་པ་གལ་ཆེན་པོ་ཡིན༑ གསེར་ཕྲེང་མ་གཏོགས་རྗེ་རིན་པོ་ཆེའི་སྐུ་ཚེ་སྨད་ཀྱི་གསུང་ཕལ་མོ་ཆེར་གཤགས་འགྱེད་པ་ཙམ་གྱིས་མི་ཕན་པར་སེམས་རྒྱུད་དུལ་དགོས་ཞེས་ཡང་ཡང་གསུངས་ཡོད། དེ་བཞིན་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་བཤད་སྙིང་རྒྱན་དུའང་ལན་མང་པོར་གསུངས་ཡོད། དཔེ་ཁྲིད་གནང་མཁན་ཚོས་མཇུག་སྡོམ་དེ་སེམས་རྒྱུད་དུལ་ཐབས་སྟེང་དུ་བརྒྱབ་དགོས༑ ལམ་རིམ་དང་བློ་སྦྱོང་གི་སྟེང་དུ་བབ་དགོས། ཐོག་མར་ཁ་དོག་དཀར་དམར་ཁྲིད་པའི་སྐབས་དགེ་རྒན་རྣམ་པས། ཕྲུག་གུ་འདི་ལ་དཔེ་ཆའི་སྟེང་དུ་རྩིས་རྒྱག་པ་མིན་པར་རྒྱུད་ལ་རྩིས་རྒྱག་རྒྱུ་ཡོད་པ་ཞིག་བཟོ་དགོས། དཔེ་ཁྲིད་སྐབས་སུ་ངོ་སྤྲོད་གནང་བའི་ཡོན་ཏན་མང་པོ་དེ་རྣམས་མཛུབ་མོ་བཙུགས་ས་མེད་པའི་ས་ལམ་བརྩིས་པ་ལྟ་བུ་མ་ཡིན་པར་རེ་རེའི་རྒྱུད་ཐོག་ཏུ་ས་ལམ་བརྩི་རྒྱུ་ཡོད་པ་ཞིག་བྱེད་དགོས་ཀྱི་འདུག དམིགས་ཡུལ་དེ་འདྲ་ཞིག་བཟུང་བའི་སྟེང་ནས་དཔེ་ཆ་སློབ་གཉེར་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག
སྟོན་པས་གསུངས་པའི་ཆོས་ཚུལ་དེ་དག་ལ་རང་ཤེད་དང་མ་འབྲེལ་བའི་སྒོ་ནས་དཔྱད་དགོས། དཔྱད་པ་བྱེད་པས་སྡིག་པ་གསོག་གི་མེད། རང་ཤེད་དང་འབྲེལ་བ་དཔེར་ན་རང་ཉིད་ཡིད་མ་ཆེས་པ་ཙམ་ལས་རྒྱུ་མཚན་གཞན་མེད་པར་དཔྱད་ན་ཤེས་རབ་འཆལ་ཉེན་ཡོད། སྤྱིར་བཏང་རང་རེ་ཕལ་ཆེར་དེ་འདྲ་འོང་ཉེན་མེད། བླ་མའི་རྣལ་འབྱོར་ཞིག་བཏོན། འཇམ་དཔལ་དབྱངས་ལ་གསོལ་བ་བཏབ། རྗེ་བླ་མ་ལ་གསོལ་བ་བཏབ། དེ་ལྟར་གསོལ་འདེབས་བྱིན་རླབས་དང་འབྲེལ་བའི་ཤེས་རབ་དེ་ཤེས་རབ་འཆལ་བར་འགྲོ་མི་སྲིད། གཞན་དུ་དཔྱད་པ་གཏན་ནས་མ་བྱས་པར་དེ་དེ་བཞིན་ནོ་བྱས་པས་གང་ཡང་མི་ཕན། དེ་ལྟ་བུའི་སྒོ་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་གྱི་ཁྱད་པར་རྣམས་དཔྱིས་ཕྱིན་པར་ཤེས་པར་བྱས་ནས་བཅོམ་ལྡན་འདས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དང༌། ཤེས་ནས་དད་པ་ཐོབ་པའི་མཚམས་དེར་གཞི་ནས་རྒྱུད་སྟེང་ནས་ཉོན་མོངས་སྤངས་པའི་ཐར་པའི་གོ་འཕང་རྙེད་པ་འདི་སྟོན་པའི་བསྟན་པ་ཉག་ཅིག་ལ་རག་ལུས་པར་མཐོང་ནས་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་ཤེས་པ་ཞིག་འོང་བ་ཡིན།
རྟེན་འབྲེལ་བསྟོད་པར། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །ཅེས་དང༌། ཡང་རྟོགས་བརྗོད་མདུན་ལེགས་མར། དེ་ལས་དེ་ཡིས་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ཞེས་གསུངས་པ་ལྟར་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་ཤེས་པར་དགེ་མཚན་ཁྱད་པར་བ་ཞིག་ཡོད།
བདེན་བཞིའི་ཚུལ་ལས་བརྩམས་ཏེ་བདེན་བཞིའི་གནས་ལུགས་ལ་དཔྱད་པ་བྱས་ནས་སེམས་ལ་ངེས་པ་སྐྱེས་པ་ན་ལྐོག་གྱུར་གྱི་རིགས། དཔེར་ན་དགོས་པ་མཆོག་ངེས་ལེགས་སྒྲུབ་པའི་ཚུལ་ལས་བརྩམས་ཏེ་སྟོན་པ་སངས་རྒྱས་ཀྱི་བཀའ་ལ་རིགས་པ་ཡང་དག་གིས་ཇི་ལྟར་དཔྱད་པ་བྱེད་ཀྱང་འགལ་བ་མེད་པ༑ རིགས་པ་ཡང་དག་གི་སྒྲུབ་བྱེད་དང་བཅས་ཤིང༌། གནོད་པ་མེད་པར་མཐོང་ནས་ངེས་པ་སྐྱེས་པའི་ཚེ་ལས་འབྲས་ཕྲ་ཞིང་ཕྲ་བའི་སྐོར་ལྟ་བུ་དཔེར་ན། ད་རིང་འདིར་གནམ་གཤིས་ཚ་གྲང་གི་དུས་ཚོད་འདི་ལ་བསིལ་བའི་རྐྱེན་རླུང་འཁོར་དེ་ཚོའི་རིགས་རྒྱུ་དང་རྐྱེན་མང་པོ་བསགས་ནས་ཡོང་བ་གསལ་པོ་ཡིན་ན་ཡང༌། རྒྱུ་དང་རྐྱེན་གང་འདྲ་ཞིག་སྔོན་དུ་སོང་ཞེ་ན། དེ་ཤེས་སྒྲིབ་སྤངས་པའི་གང་ཟག་ཅིག་གིས་གསུངས་ན་མ་གཏོགས་ཤིན་ཏུ་དཀའ་མོ་ཡིན། དུས་ཀྱི་ཁྱད་པར་འདི་འདྲ་ཞིག་ལ་བདེ་སྡུག་གི་ཚོར་བ་འདི་འདྲ་ཞིག་ཡོང་བའི་རྒྱུ་དང་རྐྱེན་ཕྲ་མོའི་སྟེང་ནས་མཁྱེན་མཁན་དེ་སྟོན་པ་སངས་རྒྱས་ཉག་ཅིག་ཡིན། དེ་དག་རྒྱུ་རྐྱེན་གྱིས་གྲུབ་པ་རང་རེས་ཚོད་དཔག་ནུས་ཀྱང༌། ཤིན་ཏུ་ལྐོག་ཏུ་གྱུར་པའི་རིགས་འདི་དག་རིགས་པས་དཔྱད་ས་མེད་ཅིང་ཚོད་དཔག་བྱེད་ས་མེད་པའི་རིགས་འདི་དག་གང་ཟག་གསུམ་པ༑ གང་ཟག་ཚད་མ་ཞིག་གི་ངག་ཚད་མ་ལ་བརྟེན་ནས་ཁས་ལེན་དགོས་པ་དང༌། ཡིད་ཆེས་བྱེད་དགོས་པ་དེའི་རིགས་རྩ་བ་གང་ཟག་དེ་ཡིད་རྟོན་འཕེར་བ་ཡིན་པ་དེ་སོ་སོས་བརྟག་དཔྱད་བྱེད་ཐུབ་སའི་སྟེང་དུ་བརྟག་དཔྱད་མཐར་ཕྱིན་པ་བྱས་ནས་ཡིད་ཆེས་དང་ངེས་པ་རྙེད་པ་དང༌། དད་པ་ཐོབ་པ་ཞིག་བྱུང་བའི་སྟེང་ནས་སྐྱེས་བུ་དེ་བླང་དོར་གྱི་གནས་སམ་དོན་བྱེ་བྲག་པ་དེ་སྟོན་པ་ལ་བསླུ་བ་མེད་པ་ཡིན་པ་དང༌། དེས་བསྟན་པའི་གཞུང་སྔ་ཕྱི་དངོས་ཤུགས་ལ་འགལ་བ་མེད་པ་བཅས་ཀྱི་སྟེང་ནས་འདི་དངོས་འབྲེལ་བསླུ་བ་མེད་པ་ཞིག་ཡིན་པ་དང༌། དེས་བསྟན་པའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་ཤེས་པ་ཞིག་ཡོང༌། དེའི་རྒྱུ་མཚན་ལ་སློབ་དཔོན་ཕྱོགས་གླང་གིས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་ཟད་པའི། །ཞེས་སོགས་གསུངས་ཏེ། སྲིད་པ་འཁོར་བའི་རྒྱ་མཚོ་སྟེ། ལས་ཉོན་གྱི་གཞན་དབང་ཅན་གྱི་སྐྱེ་བའི་རྒྱུན་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བ། འདི་ལྟ་བུའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་མདོར་ན་ཉེ་བར་ལེན་པའི་ཕུང་པོའི་སྐྱེ་རྒྱུན་དེ་ལ་གསུངས་པ་ཡིན།
གང་ལྟར་ལས་ཉོན་གྱི་གཞན་དབང་ཅན། ད་ལྟ་ཉོན་མོངས་སྐྱེ་བའི་གྲོགས་བྱེད་ཅིང་ཕུང་པོ་ཕྱི་མ་གྲུབ་པའི་ལས་ཉོན་གསར་དུ་གསོག་པར་མཐུན་རྐྱེན་བྱེད་པའི་ཉེ་བར་ལེན་པའི་ཕུང་པོ་འདི་སྡུག་བསྔལ་གྱི་རང་བཞིན་ཅན་སྡུག་བསྔལ་གྱི་རྩ་བ་ལྟ་བུ་ཡིན། ཕྱིའི་དགྲ་བོ་ཞིག་ཡིན་ན་ང་ཚོ་དེ་ལས་བྲོས་ས་ཡོད། ཐབས་ཤེས་གཞན་དག་བྱས་ནས་གཡོལ་ས་ཡོད། ཕུང་པོ་འདི་ཉིད་སྡུག་བསྔལ་གྱི་འཁུར་ཞིག་ཏུ་གྲུབ་པས་བྱེད་ཐབས་གཞན་མེད། རང་ཤི་བརྒྱབས་པས་ནི་མི་ཕན་ལ། དེར་བརྟེན་སྐྱེ་རྒྱུན་གཅོད་རྒྱུ་དེ་གལ་ཆེན་པོ་ཡིན། ལས་ཉོན་གྱི་གཞན་དབང་ལས་རང་དབང་མེད་པའི་ཐོག་ནས་སྐྱེ་རྒྱུན་ལེན་པ་འདི་འགོག་དགོས་ཀྱི་ཡོད༑ འདི་ཡང་ཡན་ལག་བཅུ་གཉིས་ཀྱི་ནང་ནས་གཙོ་བོ་སྲེད་ལེན་གཉིས་ལ་ཐུག་པ་དང༌། དེ་དག་ཀྱང་རྩ་བ་མ་རིག་པ་ལ་ཐུག་པས། མདོར་ན་མ་རིག་པ་ལ་གཉེན་པོ་བསྟེན་ནས་མ་རིག་པ་ཟད་པའི་སྒོ་ནས་སྐྱེ་རྒྱུན་ཆོད་དགོས་པ་ཞིག་དང་ལས་ཉོན་གྱི་གཞན་དབང་ཅན་སྲིད་པ་ཕུང་པོའི་འཁུར་ཇི་སྲིད་ཡོད་པ་དེ་སྲིད་དུ་གཏན་ཏུ་བདེ་བ་མེད་ཅེས་བསྟན་པ་ཡིན།
ངང་ཚུལ་དེ་ལས་སྐྱོབ་པའི་སྐྱབས་དེ་གང་གིས་བྱེད་ཐུབ་བམ་སྙམ་ན། རྟེན་ནམ་གང་ཟག་ལ། ཡང་ན་སྐྱབས་གནས་གང་ལ་ཉེས་པ་ཐམས་ཅད་ཟད་པ་སྟེ་སྤངས་པ་ཁྱད་པར་གསུམ་ལྡན་དང༌༑ རྟོགས་པ་ཁྱད་པར་གསུམ་ལྡན་གསུང་གི་ཡོད། སྐྱོན་རེ་གཉིས་ཙམ་མིན་པ་སྐྱོན་མ་ལུས་པ་སྤངས་པ། དེ་ཡང་གཏན་དུ་སྤངས་པ། ལེགས་པར་སྤངས་པ། སླར་མི་ལྡོག་པར་སྤངས་པའི་སྤངས་པ་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་སྤངས་པའི་ཡོན་ཏན༑ དེ་ཙམ་གྱིས་མི་ཆོག་པར་བླང་དོར་གྱི་གནས་འདོམས་པ་ལ་མཁས་པ་ཞིག་དགོས་པས། གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །ཞེས་ཏེ་ཡོན་ཏན་གྱི་རིགས་མཐའ་དག་ཐུགས་སུ་ཆུད་པ་སྟེ། མདོར་ན་དེ་ཁོ་ན་ཉིད་མཁྱེན་པ། མཁྱེན་པ་བརྟན་པ། མ་ལུས་པ་མཁྱེན་པ་བཅས་ཀྱི་ཁྱད་པར་ལྡན་པའི་མཁྱེན་པའི་ཡོན་ཏན་སྟེ་སྤངས་པ་དང་རྟོགས་པའི་ཡོན་ཏན་མངའ་བ་ཞིག་དང༌། དེའི་སྟེང་དུ་ཐུགས་རྗེའི་གཞན་དབང་དུ་གྱུར་པ་ཡིན་པས་སྟོན་པ་ལ་སྐྱབས་སུ་མཆིས་ན་སྟོན་པས་ནམ་ཡང་ཡལ་བར་མི་འདོར་བ། ཐུགས་སྐྱབས་སུ་མཆིས་མིན་ལ་མ་ལྟོས་པའི་སྟོན་པ་རང་ཉིད་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་ཐོག་མར་བློ་སྦྱངས། ཐུགས་བསྐྱེད། བྱ་དཀའ་བའི་སྤྱོད་པ་ལ་བསླབས་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། མདོར་ན་ཐུགས་རྗེ་ཆེན་པོའི་གོང་བུ་ལྟ་བུ་ཡིན་པས་དེ་ལྟ་བུའི་སྟོན་པ་བཀའ་དྲིན་ཅན་གྱི་འཕྲིན་ལས་དུས་ལས་ནམ་ཡང་ཡོལ་བ་མེད་པ། མདོར་ན་མཁྱེན་བརྩེ་ནུས་པའི་ཡོན་ཏན་མངའ་བ་དེ་འདྲ་ཞིག་ལ་སྐྱབས་བཅོལ་ན་མི་བསླུ་བ་དང༌། སྐྱབས་གནས་ཡང་དག་པ་ཡིན། དེ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསྟན་པ་ལ་གནས་ནས། དེ་བསྟོད་དེ་ནི་བཀུར་བ་དང༌། །ཞེས་སྟོན་པ་ལ་བསྟོད་པ་དང༌། བཀུར་བ་དང༌། ཕྱག་མཆོད་འབུལ་བྱེད་པ་སྟེ་གཙོ་ཆེར་སྒྲུབ་པའི་མཆོད་པ་བྱས་ནས་དེའི་བསྟན་པ་ལ་གནས་དགོས་ཞེས་བསྟན་པ་ཡིན།
དེ་ལྟ་བུའི་ཚུལ་གྱིས་དགོངས་པ་ཟབ་པོ་བཞེས་ན་རང་རེ་འཛམ་བུའི་གླིང་འདིའི་སྟེང་དུ་མི་ལུས་ཐོབ་པ་དེ་རྩ་བ་ཆེན་པོ་ཡིན་པ་དང༌། མི་ལུས་ཐོབ་པ་ངན་པ་ཞིག་གི་སྟེང་དུ་བསྐྱལ་བ་ཡིན་ན་ཡ་ཡུད་ཆེན་པོ་ཡོད་བསྡད་པ། བཟང་པོ་ཞིག་གི་སྟེང་ལ་བསྐྱལ་བ་ཡིན་ན་ཧ་ཅང་ཕན་རླབས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པས་ཚང་མས་བཟང་པོའི་ཕྱོགས་ལ་དཔེ་བལྟ་དགོས། ངན་པའི་ཕྱོགས་ལ་དཔེ་བལྟ་མི་རུང༌། གདན་སའི་ནང་ལ་མཚོན་ན་ཡང་གནས་བརྟན་འདུལ་བ་འཛིན་པ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཉམས་ལེན་གནང་མཁན་རྣམས་ལ་མིག་དཔེ་ཡར་ལྟ་བྱེད་དགོས། དེ་དག་གི་རྗེས་སུ་བསླབ། དེ་དག་གི་མཛད་པ་ལ་རྗེས་སུ་ཡི་རང་བྱེད། རྒྱུ་ལ་དང་དོད་བྱེད་པ་དང༌། འདུ་འཛིའི་གཡེང་བ་ལ་དང་དོད་རྩ་བ་ནས་བྱེད་མི་རིགས། ལྷག་དོན་གྲྭ་ས་ཆེན་པོ་ཞིག་ལ་བསྡད་ནས་འདུ་འཛིའི་གཡེང་བས་མི་ཚེ་བསྐྱལ་བ་ཡིན་ན་བསྡད་ས་ནོར་བ་ཡིན། དེ་ལས་ས་གནས་གཞན་དག་ལ་ཕྱིན་ན་ལེགས་པ་ཡིན།
དེང་སང་གདན་ས་ཚོར་ཤག་ཚང་ནང་གི་ཤག་ཆས་ལ་དང་དོད་བྱེད་ཀྱི་ཡོད་ཚོད་འདུག ཤག་ཆས་མང་དུ་འགྲོ་བ་དང༌། ཤག་ཆས་ཡག་ཏུ་འགྲོ་གིན་ཡོད་ཚོད་འདུག དེ་ཡག་པོ་མ་རེད། དེ་སྔ་བོད་ལ་དཔེར་ན་དྭགས་པོ་གྲྭ་ཚང་ལྟ་བུ་དགོན་པ་ཁ་ཤས་ལ་འཛིན་ཆས་གྲྭ་ཆས་མ་གཏོགས་བཞག་ཆོག་གི་མེད། ཡེ་ཤུའི་ཆོས་པ་ཚོས་ཧ་ལས་པའི་འདོད་ཆུང་ཆོག་ཤེས་བསྟེན་གྱིན་འདུག ངོས་རང་དགོན་པ་དེ་ཚོར་སླེབས་སྐབས་བོད་པའི་གྲྭ་པ་ཁྱེད་རང་ཚོ་ལས་དང་དོད་ཆེ་བ་ཡོད་ཅེས་བཤད་ཀྱིན་ཡོད། གང་ལྟར་ཁོང་ཚོ་ཧ་ལས་པའི་འདོད་ཆུང་ཆོག་ཤེས་ཅན་འདུག ང་རང་ཚོ་ཡང་དེ་དེ་བཞིན་བྱས་ཏེ་འདོད་ཆུང་ཆོག་ཤེས་བསྟེན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བོད་པའི་གྲྭ་པ་དངོས་གནས་བྱེད་ན་འཚོ་བའི་ཡོ་བྱད་བཅུ་གསུམ་ལྟ་བུ་སྟེ་དཔེར་ན། གྲྭ་ཆས་ཆ་ཚང་གཅིག་གིས་ཆོག་པ་བྱེད་དགོས་ཀྱིན་ཡོད། མདོར་ན་ཆོས་གོས་སྣམ་སྦྱར་ཐོལ་པ་ཞིག་ཡོད་པ་ཡིན་ན་ཡང༌། མཁན་པོ་ལ་བསྔོ་བའམ། གཞན་ལ་བསྔོས་པ་ལས་རང་གིས་བདག་གིར་བྱེད་ན་མི་འགྲིགས། དངོས་གནས་སྟོན་པའི་འདུལ་ཁྲིམས་སྤུས་དག་པོ་ཞིག་ཡོད་ཀྱང་ང་ཚོས་གུ་ཡངས་བཏང་སྟེ་རྒྱས་སྤྲོས་དང༌། དང་དོད་གང་འཚམས་བྱེད་ཀྱིན་ཡོད། གྲྭ་པས་དང་འདོད་བྱེད་རྒྱུ་ཡག་པོ་མིན། ཤེས་སོང་ངམ། སྤྱི་པའི་གྲྭ་ཚང་དང་ཁང་ཚན་དེ་ཚོ་གནས་ཚུལ་ཁག་ཁག་ཡིན། མཐུན་རྐྱེན་མེད་ན་མི་འགྲིག་མ་རྩ་ཞིག་ངེས་པར་དུ་དགོས། སྒེར་སོ་སོའི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱི་འདོད་ཆུང་ཆོག་ཤེས་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་མིན་ད་ལྟ་བར་དུ་ཧུར་ཐག་གནང་བ་རེད་ལ༑ ད་དུང་ཚང་མས་ཐུགས་འཁུར་བསྐྱེད་དགོས། ཞེས་བླ་མ་སྤྱན་རས་གཟིགས་ནས་བཀའ་སྩལ་བའོ། །
བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ངོ་སྤྲོད་སྙིང་བསྡུས།
༈ བདེན་བཞིའི་ཆོས་འཁོར་ལ་བཟླས་པ་གསུམ་ལས།
དང་པོ་བདེན་བཞིའི་ངོ་བོ་ལ་བཟླས་པ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ༑ ༑འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་སོ། །
གཉིས་པ་བདེན་བཞི་བྱེད་པ་ལ་བཟླས་པ་ནི། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་སོ། །
གསུམ་པ་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ནི། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད༑ ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད། ཅེས་སོ། །
བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ནི། དང་པོ་སྡུག་བདེན་གྱི་རྣམ་པ་བཞི་ནི། མི་རྟག་པ། སྡུག་བསྔལ་བ། སྟོང་བ༑ བདག་མེད་པའོ། །དེ་ཡང༌། སྡུག་བདེན་གྱི་རྣམ་པ་ལ་ལོག་པར་ཞུགས་པ། གཙང་བདེ་རྟག་བདག་ཏུ་འཛིན་པ་བཞིའི་གཉེན་པོར་མི་རྟག་སོགས་བཞི་གསུངས་ཏེ། དེ་ནི། ཟག་བཅས་ཀྱི་ཕུང་པོ་ཆོས་ཅན། མི་རྟག་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། དེ་ཆོས་ཅན༑ སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། སྟོང་བ་ཡིན་ཏེ། གཙང་བའི་བདག་དོན་གཞན་གྱིས་སྟོང་བའི་ཕྱིར། དེ་ཆོས་ཅན། བདག་མེད་པ་ཡིན་ཏེ། རང་དབང་བའི་བདག་གི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །
གཉིས་པ་ཀུན་འབྱུང་བདེན་པའི་རྣམ་པ་བཞི་ནི། རྒྱུ། ཀུན་འབྱུང༌༑ རབ་སྐྱེ། རྐྱེན་ནོ། །དེ་ཡང༌། ཀུན་འབྱུང་བདེན་པའི་རྣམ་པ་ལ་ལོག་པར་ཞུགས་པ། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་དང༌། རྒྱུ་གཅིག་ཁོ་ནས་བྱས་པར་འཛིན་པ་དང༌། དབང་ཕྱུག་སོགས་ཀྱི་བློའི་གཡོ་བ་སྔོན་དུ་བཏང་ནས་བྱས་པར་འཛིན་པ་དང༌། རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་འཛིན་པ་བཞིའི་གཉེན་པོར༑ རྒྱུ་སོགས་བཞི་གསུངས་ཏེ། དེ་ནི། ཟག་བཅས་ཀྱི་ལས་དང་ཉོན་མོངས་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་རྩ་བ་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཡང་ནས་ཡང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། རབ་སྐྱེའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་དྲག་ཏུ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། རྐྱེན་གྱི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་རོ། །
གསུམ་པ་འགོག་བདེན་གྱི་རྣམ་པ་བཞི་ནི། འགོག་པ། ཞི་བ༑ གྱ་ནོམ། ངེས་འབྱུང་ངོ༌། །འགོག་བདེན་གྱི་རྣམ་པ་ལ་ལོག་པར་ཞུགས་པ། ཐར་པ་ཡེ་མེད་དུ་འཛིན་པ་དང༌། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ། ཉོན་མོངས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ། ཉོན་མོངས་ལན་གཅིག་སྤངས་ཀྱང་སླར་ལྡོག་པར་འཛིན་པ་བཞིའི་གཉེན་པོར་འགོག་པ་སོགས་བཞི་གསུངས་ཏེ། དེ་ནི། ལས་ཉོན་མ་ལུས་པར་སྤངས་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་འགོག་པའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་ཞི་བའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། ཕན་བདེའི་ངོ་བོར་གྱུར་པའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་འབྱུང་གི་རྣམ་པ་ཡིན་ཏེ། སྡུག་བསྔལ་སླར་མི་འབྱུང་བའི་བྲལ་བ་ཡིན་པའི་ཕྱིར་རོ། །
བཞི་པ་ལམ་བདེན་གྱི་རྣམ་པ་བཞི་ནི། ལམ། རིགས་པ། སྒྲུབ་པ༑ ངེས་འབྱིན་ནོ། །དེ་ཡང༌། ལམ་བདེན་གྱི་རྣམ་པ་ལ་ལོག་པར་ཞུགས་པ། ཐར་ལམ་ཡེ་མེད་དུ་འཛིན་པ། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ལམ་མེད་པར་འཛིན་པ་བཞིའི་གཉེན་པོར་ལམ་སོགས་བཞི་གསུངས་ཏེ། དེ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པར་བགྲོད་པར་བྱེད་པའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། རིག་པའམ་རིགས་པའི་རྣམ་པ་ཡིན་ཏེ། ཉོན་མོངས་ཀྱི་གཉེན་པོའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། ལམ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་དང་ཉོན་མོངས་རྩ་བ་ནས་ཟད་བྱེད་ཀྱི་ལམ་ཡིན་པའི་ཕྱིར་རོ། །
ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཆོས་དགེ་དགེ་བཤེས་བློ་བཟང་ཟླ་བ་ནས་ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༢༤ ལ་སློབ་ཁྲིད་བགྱིས་པ་ལགས་སོ། །