ཤེས་བྱའི་རྣམ་གྲངས་བློ་གསལ་རིག་སྒོ་ཞེས་བྱ་བའི་སྡོམ་ཚིག
༄༅། ན་མོ་གུ་རུ་ཡ།
ཆོས་ཀུན་ཤེས་དང་ཤེས་བྱ་གཉིས་སུ་འདུ། །དེ་ལ་ཆོས་ཞེས་བྱ་བའི་སྒྲ་ཉིད་ཀྱང༌། །ཤེས་བྱ་ལམ་དང་མྱང་འདས་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་འབྱུང་འགྱུར་ངེས། །
ཆོས་ལུགས་ལ་སྟེ་བཅུ་ལ་འཇུག་པའོ། །ཤེས་བྱར་དབྱེ་ན་རྟག་པ་དངོས་པོ་གཉིས། །དང་པོར་རྣམ་པ་ཐམས་ཅད་པ་དང་ནི། །རེས་འགའ་བ་ཡི་རྟག་པ་གཉིས་སུ་འདོད། །
གཉིས་པར་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ། །གཟུགས་ལ་ནང་གི་གཟུགས་དང་ཕྱི་ཡི་གཟུགས། །ནང་གི་གཟུགས་ནི་མིག་གི་དབང་པོ་དང༌། །རྣ་བ་སྣ་དང་ལྕེ་དང་ལུགས་དབང་ལྔའོ། །
ཕྱི་ཡི་གཟུགས་ནི་གཟུགས་ཀྱི་སྐྱེ་མཆེད་དང༌། །སྒྲ་དྲི་རོ་དང་རེག་བྱའི་སྐྱེ་མཆེད་ལྔའོ། །དང་པོ་གཟུགས་ལ་ཁ་དོག་དབྱིབས་གཉིས་ཏེ། །ཁ་དོག་ལ་ཡང་རྩ་བ་ཡན་ལག་གཉིས། །
རྩ་བའི་ཁ་དོག་དཀར་དམར་སེར་སྔོ་བཞི། །ཡན་ལག་སྤྲིན་དང་དུ་བ་རྡུལ་ཁུག་སྣ། །སྣང་མུན་གྲིབ་མ་ཉི་མའི་འོད་ཟེར་བརྒྱད། །གཉིས་པ་དབྱིབས་ལ་རིང་ཐུང་ལྷམ་དང་ཟླུམ། །
མཐོ་དམའ་ཕྱ་ལེ་ཕྱ་ལེ་མ་ཡིན་བརྒྱད། །གཉིས་པ་སྒྲ་ཡི་སྐྱེ་མཆེད་དབང་པོ་ཡིས། །ཟིན་དང་མ་ཟིན་འབྱུང་འགྱུར་སྒྲ་གཉིས་ཏེ། །རེ་རེའང་ལུང་དུ་སྟོན་དང་མི་སྟོན་དང༌། །
སྙན་དང་མི་སྙན་གཉིས་གཉིས་ཕྱེ་བས་བརྒྱད། །དེ་ལའང་སྒྲ་ཡི་བརྗོད་བྱ་རྗོད་བྱེད་གཉིས། །རྗོད་བྱེད་སྒྲ་ལའང་ནང་གསེས་བཞིར་དབྱེ་སྟེ། །ངོ་བོའི་དབང་གིས་མིང་ཚིག་ཡི་གེ་གསུམ། །
བརྗོད་བྱའི་དབང་དུ་རིཌ་བརྗོད་ཚོཌ་བརྗོད་གཉིས། །བརྗོད་ཚུལ་དབང་གིས་མི་ལྡན་རྣམ་གཅོད་དང༌། །གཞན་ལྡན་རྣམ་གཅོད་མི་སྲིད་རྣམ་གཅོད་གསུམ། །བརྗོད་འདོད་དབང་གིས་ཆོས་ཅན་བརྗོད་པ་དང༌། །
ཆོས་བརྗོད་སྒྲ་གཉིས་བཅས་སུ་དབྱེ་བའོ། །གསུམ་པ་དྲི་ལ་ཞིམ་དང་མི་ཞིམ་གཉིས། །རེ་རེ་ལ་ཡང་མཉམ་དང་མི་མཉམ་གཉིས། །ལྷན་སྐྱེས་དྲི་དང་སྦྱར་བྱུང་དྲི་སྟེ་བརྒྱད། །
བཞི་པ་རོ་ལ་མངར་སྐྱུར་ཚ་བ་དང༌། །ལན་ཚྭ་བ་དང་ཁ་བ་སྐ་བ་དྲུག །རེ་རེར་མངར་བའི་མངར་དང་སྐྱུར་བ་སོགས། །དྲུག་དྲུག་དབྱེ་བས་སུམ་ཅུ་རྩ་དྲུག་སྟེ། །
དེ་རེར་མྱང་འཇུ་ཞུ་རྗེས་ལུས་སེམས་ལ། །ཕན་པའི་རོ་སོགས་གསུམ་གསུམ་དབྱེ་བ་ཡིས། །རོ་ཡི་བྱེ་བྲག་བརྒྱ་དང་བརྒྱད་ཡོད་དོ། །ལྔ་པ་རེག་བྱའི་སྐྱེ་མཆེད་དབྱེ་ན་ནི། །
འབྱུང་བར་གྱུར་དང་འབྱུང་འགྱུར་རེག་བྱ་གཉིས། །དང་པོ་འབྱུང་བ་ས་ཆུ་མེ་རླུང་བཞི། །གཉིས་པ་འབྱུང་འགྱུར་རེག་བྱ་འཇམ་རྩུབ་དང༌། །ལྕི་ཡང་གྲང་བ་བཀྲེས་དང་སྐོམ་པ་བདུན། །
༈ །གཉིས་པ་ཤེས་པའམ་བློ་ཡི་དབྱེ་བ་ནི། །སེམས་དང་སེམས་བྱུང་རྟོག་བཅས་རྟོག་མེད་དང༌། །བློ་རིག་བདུན་དང་ཚད་མ་ཚད་མིན་གཉིས། །རྟོགས་པའི་བློ་དང་མ་རྟོགས་བློའི་དབྱེ་བ། །
འཁྲུལ་ཤེས་མ་འཁྲུལ་ཤེས་པ་དབྱེ་དང་དྲུག །དེ་ལ་དང་པོ་སེམས་དང་སེམས་བྱུང་གི །དང་པོ་སེམས་དང་ཡིད་དང་རྣམ་པར་ཤེས། །གཙོ་སེམས་བཞི་པོ་དོན་གཅིག་དབྱེ་ན་དྲུག །
མིག་གི་རྣམ་ཤེས་རྣ་བ་སྣ་ལྕེ་ལུས། །ཡིད་ཀྱི་རྣམ་པར་ཤེས་པ་དང་དྲུག་གོ །གཉིས་པ་སེམས་བྱུང་དབྱེ་བ་ང་གཅིག་སྟེ། །ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ་དང་ནི། །
རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་དང༌། །དགེ་བ་བཅུ་གཅིག་གཞན་འགྱུར་བཞི་རྣམས་སོ། །ཀུན་འགྲོ་ལྔ་ནི་ཚོར་བ་འདུ་ཤེས་དང༌། །སེམས་པ་རེག་པ་ཡིད་བྱེད་ལྔ་རྣམས་སོ། །
ཡུལ་ངེས་ལྔ་ནི་བདུན་པ་མོས་པ་དང༌། །དྲན་པ་ཏིང་འཛིན་ཤེས་རབ་དང་ལྔའོ། །རྩ་ཉོན་དྲུག་ནི་འདོད་ཆགས་ཁོང་ཁྲོ་དང༌། །ང་རྒྱལ་མ་རིག་ལྟ་བ་ཐེ་ཚོམ་དྲུག །
ཉེ་ཉོན་ཉི་ཤུ་ཁྲོ་བ་འཁོན་འཛིན་དང༌། །འཆབ་པ་འཚིག་པ་ཕྲག་དོག་སེར་སྣ་སྒྱུ། །གཡོ་དང་རྒྱགས་པ་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་པ་རྒོད་པ་མ་དད་པ། །
ལེ་ལོ་བག་མེད་བརྗེད་ངེས་ཤེས་བཞིན་མིན། །རྣམ་པར་གཡེང་བ་དང་བཅས་ཉི་ཤུའོ། །དགེ་བ་ཞེས་བྱ་དད་པ་ངོ་ཚ་ཤེས། །ཁྲེལ་ཡོད་འདོད་ཆགས་མེད་དང་ཞེ་སྡང་མེད། །
གཏི་མུག་མེད་པ་བརྩོན་འགྲུས་ཤིན་སྦྱངས་དང༌། །བག་ཡོད་པ་དང་དེ་བཞིན་བཏང་སྙོམས་དང༌། །རྣམ་པར་མི་འཚེ་བ་དང་བཅུ་གཅིག་གོ །གཞན་འགྱུར་ཞེས་བྱ་གཉིད་དང་འགྱོད་པ་དང༌། །
རྟོག་པ་དང་ནི་དཔྱོད་པ་བཞི་ཡིན་ནོ། །གཉིས་པ་རྟོག་བཅས་རྟོག་མེད་དབྱེ་བ་གཉིས། །དང་པོ་མིང་སྦྱོར་དོན་སྦྱོར་རྟོག་པ་དང༌། །རྟོག་པ་དོན་མཐུན་ཡིན་མིན་དབྱེ་བ་དང༌། །
ཐོས་བསམ་སྒོམ་པ་གསུམ་གྱི་རྟོག་པའོ། །རྟོག་མེད་བུམ་འཛིན་མིག་ཤེས་ལྟ་བུ་ལ། །ཡོད་པ་གསལ་སྣང་ཅན་གྱི་མངོན་སུམ་དང༌། །མེད་པ་གསལ་སྣང་ཅན་གྱི་ལོག་ཤེས་སོ། །
གསུམ་པ་བློ་རིག་བདུན་དུ་དབྱེ་བ་ནི། །མངོན་སུམ་རྗེས་དཔག་བཅད་ཤེས་ཡིད་དཔྱོད་དང༌། །སྣང་ལ་མ་ངེས་ཐེ་ཚོམ་ལོག་ཤེས་སོ། །དང་པོ་མངོན་སུམ་ཉིད་ལ་དབྱེ་ན་ལྔ༌། །
གཟུགས་འཛིན་དབང་མངོན་སྒྲ་དང་དྲི་རོ་དང༌། །རེག་བྱ་འཛིན་པའི་དབང་པོའི་མངོན་སུམ་མོ། །མངོན་སུམ་ལྟར་སྣང་ལ་ཡང་འཁྲུལ་བའི་རྒྱུ། །ཡུལ་རྟེན་གནས་དང་འཕྲལ་རྐྱེན་ལ་ཡོད་བཞིའོ། །
གཉིས་པ་རྗེས་དཔག་དངོས་སྟོབས་རྗེས་དཔག་དང༌། །གྲགས་པའི་རྗེས་དཔག་ཡིད་ཆེས་རྗེས་དཔག་གསུམ། །གསུམ་པ་བཅད་ཤེས་མངོན་སུམ་རྗེས་དཔག་གཉིས། །བཞི་པ་ཡིད་དཔྱོད་རྒྱུ་མཚན་མེད་པ་དང༌། །
རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས་སུ་འདོད། །ལྔ་པ་སྣང་ལ་མ་ངེས་པ་ཡི་བློ། །མིག་ཤེས་དང་ནི་ལུས་ཤེས་སུ་གྱུར་པའི། །སྣང་ལ་མ་ངེས་པ་ཡི་བློ་གཉིས་ཡོད། །
དྲུག་པ་ཐེ་ཚོམ་ལ་ཡང་དོན་འགྱུར་དང༌། །དོན་མི་འགྱུར་དང་ཆ་མཉམ་ཐེ་ཚོམ་གསུམ། །བདུན་པ་ལོག་ཤེས་རྟོག་པ་ལོག་ཤེས་དང༌། །རྟོག་མེད་ལོག་ཤེས་གཉིས་སུ་དབྱེ་བའོ། །
བཞི་པ་ཚད་མ་དང་ནི་ཚད་མིན་གཉིས། །དང་པོར་མངོན་སུམ་རྗེས་དཔག་ཚད་མ་གཉིས། །དབྱེ་ན་གཟུགས་འཛིན་དབང་མངོན་ལ་སོགས་ལྔའོ། །ཚད་མིན་ཤེས་པར་བཅད་ཤེས་ཡིད་དཔྱོད་དང༌། །
སྣང་ལ་མ་ངེས་ཐེ་ཚོམ་ལོག་ཤེས་ལྔའོ། །ལྔ་པ་རྟོག་པའི་བློ་དང་མ་རྟོག་བློ། །དང་པོར་དོངས་སུ་རྟོགས་དང་ཤུགས་རྟོགས་གཉིས། །གཉིས་པར་མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ། །
དྲུག་པ་འཁྲུལ་ཤེས་མ་འཁྲུལ་ཤེས་པ་གཉིས། །དང་པོར་རྟོག་མེད་འཁྲུལ་པའི་ཤེས་པ་དང༌། །རྟོག་པ་འཁྲུལ་མེད་གཉིས་སུ་དབྱེ་བའོ།
༈ །གཉིས་པ་དངོས་པོའི་རྒྱུ་སོགས་དབྱེ་བ་ལ། །རྒྱུ་རྐྱེན་འབྲས་བུ་གསུམ་དུ་དབྱེ་བ་ལ། །རང་མཚན་སྤྱི་མཚན་བདེན་གཉིས་དབྱེ་བ་དང༌། །མཚན་ཉིད་གསུམ་དང་རྫས་ལྡོག་དབྱེ་བ་དང༌། །
མཚན་མཚོན་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །འགལ་འབྲེལ་གཉིས་དང་དགག་སྒྲུབ་དབྱེ་བ་དང༌། །གཅིག་དང་ཐ་དད་ཡུལ་དང་ཡུལ་ཅན་དང༌། །མངོན་ལྐོག་དབྱེ་བ་བཅས་ཏེ་བཅུ་གཉིས་སོ། །
དང་པོ་རྒྱུ་རྐྱེན་འབྲས་བུ་བཤད་པ་ཡི། །རྒྱུ་ལ་དངོས་ཀྱི་རྒྱུ་དང་བརྒྱུད་རྒྱུ་དང༌། །ཉེར་ལེན་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་བཞིའོ། །རྐྱེན་ལ་རྒྱུ་ཡི་རྐྱེན་དང་དམིགས་རྐྱེན་དང༌། །
བདག་པོའི་རྐྱེན་དང་དེ་མ་ཐག་རྐྱེན་བཞིའོ། །འབྲས་བུ་ལ་ཡང་དངོས་འབྲས་བརྒྱུད་འབྲས་གཉིས། །གཉིས་པ་རང་སྤྱིའི་མཚན་ཉིད་དབྱེ་བ་ནི། །ཤེས་བྱ་གང་ཞིག་རང་གི་མཚན་ཉིད་ཀྱིས། །
གྲུབ་དང་མ་གྲུབ་པ་ཡིས་དབྱེ་བའོ། །གསུམ་པ་དོན་དམ་ཀུན་རྫོབ་བདེན་གཉིས་ནི། །རྟོག་པས་བཏགས་ཙམ་མིན་པར་རང་ངོས་ནས། །གྲུབ་པའི་ཆོས་ལ་དོན་དམ་བདེན་པ་དང༌། །
རྟོག་པས་བཏགས་པ་ཙམ་དུ་གྲུབ་བའི་ཆོས། །ཀུན་རྫོབ་བདེན་པ་ཞེས་སུ་འདོད་པའོ། །བཞི་པ་མཚན་ཉིད་གསུམ་དུ་དབྱེ་བ་ལ། །ཀུན་བཏགས་དང་ནི་གཞན་དབང་ཡོངས་གྲུབ་གསུམ། །
དང་པོར་མཚན་ཉིད་ཆད་པའི་ཀུན་བཏགས་དང༌། །རྣམ་གྲངས་པ་ཡི་ཀུན་བཏགས་གཉིས་སུ་འདོད། །གཞན་དབང་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ། །ཡོངས་གྲུབ་ཆོས་དང་གང་ཟག་བདག་མེད་གཉིས། །
༈ ལྔ་པ་རྫས་ཆོས་ལྡོག་ཆོས་དབྱེ་བ་གཉིས། །དང་པོར་རིགས་པས་གྲུབ་པའི་རྫས་ཡོད་དང༌། །བརྟན་པ་མི་འགྱུར་དོན་བྱེད་ནུས་པ་དང༌། །རང་སྐྱ་འཛིན་པའི་རྫས་ཡོད་དང་བཞིའོ། །
དྲུག་པ་མཚན་མཚོན་གཉིས་སུ་དབྱེ་བ་ལ། །རྫས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་དང༌། །བཏགས་ཡོད་ཆོས་གསུམ་ཚང་བ་མཚོན་བྱའོ། །བདུན་པ་སྤྱི་དང་བྱེ་བྲག་གཉིས་དབྱེ་བ། །
རང་གི་གསལ་བར་རྗེས་འགྲོའི་ཆོས་སྤྱི་དང༌། །ཁྱབ་རྗེས་འཇུག་པའི་རང་རིགས་ཅན་བྱེ་བྲག །བརྒྱད་པ་འགལ་འབྲེལ་གཉིས་སུ་དབྱེ་བ་ལ། །དང་པོར་ལྷན་ཅིག་མི་གནས་འགལ་བ་དང༌། །
ཕན་ཚུན་སྤང་འགལ་གཉིས་ཏེ་རེ་རེར་ཡང༌། དངོས་འགལ་དང་ནི་བརྒྱུད་འགལ་གཉིས་གཉིས་སོ། །འབྲེལ་བ་ལ་ཡང་ནང་གསེས་གཉིས་ཡོད་དོ། །བདག་ཉིད་གཅིག་འབྲེལ་དེ་བྱུང་འབྲེལ་བའོ། །
དགུ་པ་དགག་སྒྲུབ་གཉིས་སུ་དབྱེ་བ་ལ། །དགག་བྱ་བཅད་ནས་རྟོགས་པར་བྱ་མིན་པའི། །ཆོས་གང་སྒྲུབ་པའི་མཚན་ཉིད་ཡིན་པ་དང༌། །དགག་པ་ལ་ཡང་མ་ཡིན་དགག་དང་ནི། །
མེད་དགག་གཉིས་ཏེ་དང་པོར་དངོས་དང་ཤུགས། །གཉིས་ཀར་འཕངས་དང་སྐབས་ཐོབ་འཕངས་བཞིའོ། །མེད་དགག་ཤེས་བྱར་སྲིད་མིན་དགག་པ་གཉིས། །བཅུ་པ་གཅིག་དང་ཐ་དད་དབྱེ་བ་ལ། །
དང་པོར་རང་ལྡོག་ངོ་བོ་རིགས་རྫས་བཞི། །གཅིག་པའོ་ལྡོག་པ་ལ་ཡང་གསུམ། །ཐ་དད་ལ་ཡང་རང་ལྡོག་ཐ་དད་དང༌། །ངོ་བོ་རིགས་རྫས་ཐ་དད་དང་བཞིའོ། །
བཅུ་གཅིག་ཡུལ་དང་ཡུལ་ཅན་གཉིས་བཤད་པ། །ཚད་མས་རྟོགས་པར་བྱ་བའི་ཡུལ་དེ་ལ། །སྣང་ཡུལ་ཞེན་ཡུལ་འཛིན་སྟངས་ཀྱི་ཡུལ་དང༌། །འཇུག་ཡུལ་དངོས་ཡུལ་དམིགས་ཡུལ་རྣམས་དྲུག་གོ །
རང་ཡུལ་ལ་འཇུག་ཤེས་པའང་གསུམ་ཡོད་དོ། ཤེས་པ་དག་དང་གཟུགས་འགྱུར་ཡུལ་ཅན་དང༌། །ལྡན་མིན་འདུ་བྱེད་དུ་གྱུར་ཡུལ་ཅན་ནོ། །བཅུ་གཉིས་མངོན་ལྐོག་གཉིས་སུ་དབྱེ་བ་ལ། །
དང་པོར་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ། །གཉིས་པར་རྗེས་དཔགས་གསུམ་གྱི་འཇུག་ཡུལ་ལོ། །དེ་ལྟར་སྡོམ་ཚིག་རྩ་བ་བློ་བརྟན་ན། །གཞུང་དོན་ཡལ་འདབ་ལོ་འབྲས་རྒྱས་འགྱུར་ཕྱིར། །
འདི་བྲིས་དགེ་བས་བདག་གཞན་འགྲོ་ཀུན་གྱིས། །ཤེས་བྱར་ཐོགས་མེད་བློ་གྲོས་མཆོག་ཐོབ་ཤོག། །།
ཅེས་པའང་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་ཤེས་ བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་ཞེས་བྱ་བའི་སྡོམ་ཚིག་ཏུ་རང་གི་ངེས་བྱང་ཆེད། །མཏིའ་ཤྭ་རས་རང་ལོ་བདུན་ཅུ་པ་རབ་རྒྱས་ཆུ་ཕག་དབོ་ཟླའི་ཡང་ཚེས་ལ་བྲིས་པ་དགེ་ ཞིང་ཤེས་པར་གྱུར་ཅིག །།