ལྷ་བབས་དུས་ཆེན།
ལྷ་བབས་དུས་ཆེན་ནི་སྟོན་པ་ཐུབ་པའི་དབང་པོས་འདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འཁྲིད་ཐབས་སུ་མཛད་པ་བཅུ་གཉིས་སོགས་མཛད་པའི་རྣམ་གྲངས་མང་པོ་ཞིག་བསྟན་གནང་ཡོད་པའི་ནང་ཚན་ཞིག་ཡིན་ཞིང་། བོད་མི་ཚོས་དུས་ཆེན་འདི་ཉིད་ཧོར་ཟླ་ ༩ ཚེས་ ༢༢ ཉིན་འཁེལ་བར་ངོས་འཛིན་གྱིས་རྗེས་དྲན་ཞུས་དང་ཞུ་མུས་རེད།
དེ་ཡང་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་དགུང་གྲངས་ ༤༡ ལ་ཕེབས་པ་ལྩགས་ཕོ་བྱི་བའི་ལོར། རང་ཉིད་ཀྱི་ཡུམ་སྒྱུ་མ་ལྷ་མཛེས་མི་ཡུལ་ནས་ཚེ་འཕོས་ཏེ་འདོད་ལྷར་སྐྱེས་པ་དེ་ཉིད་གཙོ་བར་གྱུར་བའི་ལྷ་གྲངས་ལས་འདས་པ་ཞིག་གི་རྒྱུད་ལ་རྣམ་དཀར་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཡོད་པ་རྣམས་སྨིན་གྲོལ་གྱི་གནས་སུ་འགོད་པའི་དུས་ལ་བབས་པ་མཁྱེན་ནས། སངས་རྒྱས་འཁོར་དང་བཅས་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས། ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཀྱི་སྟེང་དུ། ཤ་རིའི་བུ་དང་འོད་སྲུངས་སོགས་དགྲ་བཅོམ་པ་བརྒྱད་སྟོང་གི་འཁོར་གྱི་དབུས་སུ་དབྱར་གནས་མཛད་པར་མ་ཟད་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྐུ་སྐྱེ་སོགས་ལྷ་ཡི་རིས་ཀྱི་གདུལ་བྱ་རྣམས་ལ་ཆོས་སྟོན་བཞིན་བཞུགས།
དེའི་དུས་སུ་རྒྱ་གར་གྱི་ཡུལ་མཉན་ཡོད་ཅེས་པར། རྫུ་འཕྲུལ་ཅན་གྱི་མཆོག་གྱུར་འཕགས་པ་མོའུ་འགལ་གྱི་བུ་ལ་སོགས་པའི་ཚངས་པར་སྤྱོད་པའི་དགེ་སློང་དུ་མ་ཐབས་གཅིག་ཏུ་དབྱར་གནས་མཛད་བཞིན་བཞུགས་པ་ན། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་གཙོས་རྒྱལ་པོ་གསལ་རྒྱལ་ལ་སོགས་པའི་མི་རྣམས་ཀྱིས་བཅོམ་ལྡན་འདས་གང་དུ་བཞུགས་པ་མ་ཤེས་པས། འཕགས་པ་མོའུ་འགལ་གྱི་བུའི་དྲུང་དུ་སོང་ནས་དྲི་བ་ཞུས་པའི་ལན་དུ། མོའུ་འགལ་གྱི་བུས་བཅོམ་ལྡན་འདས་ལྷ་ཡི་གནས་སུ་བཞུགས་ཡོད་ཅེས་གསུངས། དེ་ནས་ཞག་དགུ་བཅུ་འདས་པའི་དུས་སུ་གོང་གསལ་རྒྱལ་པོས་དབུས་པའི་མི་རྣམས་ཀྱིས་ཡང་བསྐྱར་མོའུ་འགལ་གྱི་བུ་ལ། འོ་ཅག་གིས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་མ་མཐོང་ཞིང་། གསུང་ཡང་མ་ཐོས་པར་ཡུན་རིང་སོང་བས། འཕགས་པ་རྫུ་འཕྲུལ་ཅན་ཁྱེད་ཀྱིས་བཅོམ་ལྡན་འདས་ལ་ཞུས་ལ་འཛམ་གླིང་དུ་སྤྱན་དྲོངས་རོགས་ཞེས་གསོལ་བས། འཕགས་པ་མོའུ་འགལ་གྱི་བུས་ཀྱང་སྐད་ཅིག་དེ་ཉིད་དུ་ལྷའི་གནས་སུ་བྱོན་ཏེ་སངས་རྒྱས་ལ། མིའི་འགྲོ་བ་རྣམས་ལྷའི་ཡུལ་ལ་འོང་བར་དཀའ་ཡང་། ལྷ་རྣམས་ནི་འཛམ་བུའི་གླིང་དུ་འོང་བར་དཀའ་བ་མེད་ན། སྟོན་པ་ཐུགས་རྗེ་ཅན། མིའི་རིགས་ཀྱི་འགྲོ་བ་རྣམས་ལ་བརྩེ་བས་དགོངས་ནས་འཛམ་བུ་གླིང་དུ་བྱོན་རོགས་ཞེས་གསོལ་བ་བཏབ་པ་ལྟར། སྟོན་པ་མཆོག་གིས་ཀྱང་། བདུན་ཕྲག་གཅིག་ནས་གསལ་ལྡན་གྱི་གྲོང་གི་ལ་བ་ཛ་རའི་ནགས་སུ་ཨུ་དུམ་ཝ་རའི་ཤིང་དྲུང་དུ་བྱོན་པར་ཞལ་གྱིས་བཞེས། མོའུ་འགལ་གྱི་བུས་སྐད་ཅིག་ཉིད་ལ་སླར་མི་ཡུལ་དུ་བྱོན་ནས་མི་རྣམས་ལ་གསུངས་པས་མི་རྣམས་ཡིད་རབ་ཏུ་མགུ་ནས་ས་ཕྱོགས་གང་དེར་བྱི་དོར་དང་། མཆོད་པའི་ཚོགས་རྒྱ་ཆེན་པོ་བཤམས་ཏེ་ཕེབས་སྒུག་ཞུས།
སངས་རྒྱས་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་པའི་ཉི་མོར། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བཟོ་བོ་བིཤྭ་ཀརྨ་ལ་བཀའ་གནང་སྟེ་རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་ནས་མི་ཡུལ་བར་དུ་དཀྱིལ་ལ་རིན་ཆེན་བེཌཱུརྱའི་ཐེམ་སྐས་དང་། དེའི་གཡས་ཕྱོགས་སུ་གསེར་དང་། གཡོན་དུ་ཤེལ་ལས་གྲུབ་པའི་ཐེམ་སྐད་བཙུགས། ལྷ་ཚངས་པས་རིན་པོ་ཆེའི་རྔ་གཡབ་སངས་རྒྱས་ཀྱི་སྐུ་ལ་གཡོབ་བཞིན་སྐུའི་གཡས་ཕྱོགས་ཀྱི་གསེར་གྱི་ཐེམ་སྐས་ནས་འོངས་ཤིང་། ལྷ་དབང་བརྒྱ་བྱིན་གྱིས་ལྷ་ཡི་གདུགས་རྩིབས་སྟོང་ཅན་ལག་ཏུ་བཟུང་སྟེ་སངས་རྒྱས་ཀྱི་སྐུའི་གཡོན་ཕྱོགས་ཤེལ་གྱི་ཐེམ་སྐས་སྟེང་ནས་འོངས། སངས་རྒྱས་འཁོར་དང་བཅས་པ་རྣམས་བེཌཱུ་རྱའི་ཐེམ་སྐས་ནས་ཕེབས། དེ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ས་ལ་རེག་ཏེ་ཕེབས་ན། ཕྱི་རོལ་བ་ལ་སོགས་པའི་སྐྱེ་བོ་ངན་རྟོགས་ཅན་རྣམས་ཀྱིས། ད་དགེ་སྦྱོང་གོ་ཏ་མ། མཐུ་དང་རྫུ་འཕྲུལ་ཉམས་སོ་ཞེས་ལོག་རྟོག་ངན་པ་སྐྱེ་བར་གྱུར་བ་དང་། ཆོ་འཕྲུལ་ཁོ་ནས་ཕེབས་ན། ལྷའི་བཟོ་བོ་རྣམས་ཀྱི་བསོད་ནམས་འཕེལ་བར་མི་འགྱུར་བ་མཁྱེན་ནས་སྐབས་རེ་རྫུ་འཕྲུལ་དང་། སྐབས་རེ་ཞབས་ས་ལ་རེག་པའི་ཚུལ་གྱིས་བྱོན། མིའི་དྲི་མི་ཞིམ་པ་དེས་ལྷ་རྣམས་ཉེ་འཁོར་དུ་འོང་མི་བཟོད་པ་དང་། མིས་ལྷ་དངོས་སུ་མཐོང་ན་དེ་དག་ལ་གཡེང་ནས་ཆོས་ཀྱི་དོན་ལ་སེམས་མི་གཏོད་པ་མཁྱེན་ནས་སངས་རྒྱས་ཀྱིས་མིའི་དྲི་རྣམས་ཙན་དན་གྱི་དྲི་དང་། མི་རྣམས་ལ་ལྷའི་བུ་དང་བུ་མོ་མི་མཐོང་བར་བྱིན་གྱིས་བརླབས་ནས་ཡུལ་གསལ་ལྡན་ གྱི་གྲོང་ཁྱེར་དུ་བྱོན་ཏེ་སེང་གེའི་ཁྲིའི་སྟེང་དུ་བཞུགས་ནས་འགྲོ་བ་མཐའ་ཡས་པ་ལ་སྐལ་བ་དང་འཚམས་པའི་ཆོས་ཚུལ་དུ་མ་བསྟན་པར་མཛད།
གོང་དུ་གླེང་བ་བཞིན་བོད་མི་ཚོས་བོད་ཟླ་ ༩ ཚེས་ ༢༢ ཉིས་སངས་རྒྱས་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་པར་ངོས་འཛིན་གྱི་ལོ་ལྟར་གོང་གསལ་དུས་ཚེས་ཉི་མོར། རང་རང་གནས་ཡུལ་གྱི་དགོན་ཁག་ལ་མཆོད་མཇལ་དུ་འགྲོ་བ་དང་། ཕྱག་མཆོད་འབུལ་བྱེད་པ་སོགས་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་དང་། བོད་ཀྱི་ཡུལ་ལུང་མང་པོ་ཞིག་ཏུ་ལྷ་བབས་དུས་ཆེན་མ་ཟིན་སྔོན་ནས་རང་གི་ཁང་པར་ལོ་རེའི་དཀར་རྩི་བཏང་ཟིན་པ་བྱེད་པ་མ་ཟད། རི་རྩེ་དང་བྲག་རྡོ་ཁག་ལ་དཀར་རྩིའི་ཕུད་བྱུགས་པ་སོགས་བྱེད། དེ་བཞིན་བོད་གཞུང་ནས་ཀྱང་དུས་ཆེན་འདི་ཉིད་གཞུང་འབྲེལ་གུང་གསེང་ཞིག་ཏུ་གཏན་འབེབས་གནང་སྟེ་གཞུང་དམངས་ཚང་མས་སྲུང་བརྩི་བྱེད་མུས་བཅས།། །།