དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
༡༽ བོད། རང་རེ་བོད་ཀྱི་ཡུལ་འདི་ལ་གངས་ཅན་དང་གངས་ལྗོངས་ཞེས་གྲགས་པའི་མིང་འདི་དག་རྒྱ་སྐད་ཧི་མཱ་ལ་ཡ་དང་ཧི་མཱ་བན་ཏ་ཞེས་པ་སོགས་དོན་བསྒྱུར་བྱས་པ་ལས་བྱུང་མོད། བོད་ཅེས་པའི་མིང་འདི་དེ་དག་དང་མི་འདྲ་བར་བོད་རང་ས་ནས་མཆེད་པའི་བོད་སྐད་ལྷད་མེད་ཅིག་ཡིན་ཞིང། བྷོད་དང་བྷོ་ཊ་ཞེས་པ་ཡང་བོད་ཅེས་པའི་མིང་བརྗོད་ཚུལ་གྱི་དབང་གིས་གདངས་ཀྱི་ ཟུར་ཐ་དད་དུ་གྱུར་པ་སྟེ་སྔ་མོའི་རྒྱ་གར་གྱི་མིས་བོད་ལ་དེ་ལྟར་འབོད། དེར་མ་ཟད་ཕྱི་གླིང་པས་བོད་ཀྱི་མིང་ལ་ཏི་བྷད་དང་། རྒྱ་ནག་པ་རྣམས་ཀྱིས་ཏུའུ་ཕན། སོག་པོ་བས་ཐུ་བྷད་ཅེས་འབོད་པར་བཤད། གཞན་ཡང་ཅིན་༼ཆིན༽རྒྱལ་བརྒྱུད་ཀྱིས་སྲིད་དབང་བསྒྱུར་བའི་རྒྱ་ནག་གི་ཡུལ་ལ་ཅི་ན་བྱ་བ་དང་། བྷ་ར་ཏས་བཟུང་བའི་རྒྱ་གར་གྱི་ཡུལ་ཀུན་ལ་བྷ་ར་ཏ་ཞེས་གྲགས་པ་བཞིན། བོད་རྒྱལ་དང་སྤུར་རྒྱལ་ཞེས་པ་གཉའ་ཁྲི་བཙན་པོས་གཙོ་མཛད་དེ་འཇིག་རྟེན་དབང་ཕྱུག་གྱི་སྤྲུལ་པའི་རོལ་པ་དག་གིས་མངའ་དབང་བསྒྱུར་པའི་ཡུལ་ཁམས་ཀུན་ལ་བོད་རྒྱལ་ལམ་སྤུར་རྒྱལ་ཞེས་གྲགས་པ་ཡིན་ནམ། ཡང་ན། བོན་ཞེས་པ་བོད་ཅེས་འགྱུར་བ་ཡིན་མིན་སོགས་ཀྱི་ཐད་དེབ་དཀར་མཁན་པོས་ཐག་གཅོད་མ་མཛད་པར་དཔྱད་གཞིར་བཞག་གནང་འདུག་པས་དོན་གཉེར་ཅན་ཚོས་ཞིབ་དཔྱད་གནང་བར་ཞུ།
༢༽ དབུས་གཙང། དབུས་ཞེས་པ་ནི་མཐའ་འཁོབ་ཀྱི་གནས་མཐའ་ལྡོག་པའི་ཆོས་ཀྱི་ཡུལ་དབུས་དང་། རྒྱལ་ཁབ་དེའི་ཡུལ་ཀྱི་ལྟེ་བ་ལ་གོ་བའི་སྐབས་ཤིག་ཀྱང་ཡོད་པ་ལས་འདིར་ཕྱི་མ་ལ་གོ་དགོས་པ་ཡིན། གཙང་ཞེས་པ་ནི། གཙང་པོའི་རྒྱུད་འགྲམ་དུ་ཆགས་པའི་ཡུལ་སྡེ་ལ་གོ་བའི་སྐབས་ཤིག་དང། ཕུད་དང་གཙོ་བོ་ལ་གོ་བའི་སྐབས་དག་ཀྱང་ཡོད་པ་ལས་འདིར་སྔ་མ་ལ་གོ
༣༽ མངའ་རིས། རྒྱལ་པོ་དང་སྲིད་གཞུང་གི་མངའ་ཞབས་སུ་ཡོད་པའི་འབངས་མི་སྤྱི་ལ་གོ་བའི་སྐབས་ ཤིག་ཡོད་མོད་འདིར་བཤད་པ་ནི་འོད་སྲུངས་ཀྱི་རྒྱུད་པ་ལས་མཆེད་པ་ཉི་མ་མགོན་གྱིས་ཅོ་རོ་བཟའ་ཁབ་ཏུ་བཞེས་པ་ལས་དཔལ་ལྡེ་རིག་པ་མགོན། བཀྲ་ཤིས་ལྡེ་མགོན། ལྡེ་གཙུག་མགོན་ཏེ་སྟོད་ཀྱི་མགོན་གསུམ་སོགས་ཀྱིས་མངའ་དབང་བསྒྱུར་པའི་ཡུལ་འབངས་དེ་ཙམ་ལ་མངའ་རིས་ཞེས་པའི་མིང་བཏགས་པ་ཡིན།
༤༽ བོད་དང་བོད་ཆེན་པོ། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྟོགས་བརྗོད་པད་མ་དཀར་པོ་ལས་རྒྱལ་ཁམས་འདི་ལ་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བའི་བོད་ཆེན་པོ་ཡིན་ཞིང། དེ་ལ་ཨ་མདོ། ཆབ་མདོ། ཆུ་མདོ་ཞེས་མདོ་གསུམ་དུ་གྲགས་པ་ལས་ཨ་མདོ་ཞེས་དང། འབྲོམ་གྱི་བོད་ཆེན་པོ་ན་བསམ་ཡས་ཞེས་པའི་གསུང་ཚིག་གིས་མཚོན་བོད་དང་བོད་ཆེན་པོ་ཞེས་པའི་ཐ་སྙད་ཀྱི་གོ་ཡུལ་ངོས་འཛིན་ལུགས་མི་འདྲ་བ་མང་ཡང་། རྒྱལ་པོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོར་འབོད་པ་དེབ་དཀར་མཁན་པོས་རང་ལུགས་སུ་བཞེད་ན། དབུས་གཙང་ལ་བོད་དང་། མདོ་ཁམས་ལ་བོད་ཆེན་པོར་འདོད་པ་འདི་གཉིས་ཚིག་རིས་ཙམ་མ་གཏོགས་དོན་གྱི་གོ་ཡུལ་ཐ་མི་དད་པས། འགའ་ཞིག་གིས་བོད་བྱ་བ་དབུས་གཙང་དང་བོད་ཆེན་པོ་བྱ་བ་མདོ་ཁམས་ལ་བྱེད་ཟེར་བ་ཡང་མི་བདེན་ཏེ་ཞེས་པ་སོགས་ཀྱི་ཐད་དཔྱད་པ་གཏོང་དགོས་པར་སྙམ།
ལར་བོད་དང་བོད་ཆེན་པོ་བྱ་བ་ཡང་ཆེ་བརྗོད་ཀྱི་ཚིག་དངོས་སུ་སྨོས་མིན་གྱི་ཁྱད་པར་ཙམ་ལས་གོ་ཡུལ་ཐ་དད་པ་གཉིས་ཡོད་པར་མི་སྣང་སྟེ། མངའ་བདག་ཁྲི་རལ་པས་ར་ས་འཁྲུལ་སྣང་གཙུག་ལག་ཁང་གི་སྒོ་མདུན་དུ་བཙུགས་པའི་དབོན་ཞང་མཐུན་འབྲེལ་རྡོ་རིང་ངོས་སུ་བོད་ཆེན་པོའི་ལོའི་མིང་ཞེས་དང་རྒྱ་ཆེན་ པོའི་ལོའི་ཞེས་དང། ཡང་དེའི་ཤར་ཕྱོགས་ཐམས་ཅད་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ཡང་དག་པ་བོད་ཆེན་པོའི་ཡུལ་ཞེས་དང། དེ་བཞིན་མི་རིགས་དང་རྒྱལ་ཁབ་གཞན་ལའང། ཏཱ་ཡོན་རྒྱལ་རབས་དང་། ཏཱ་མིང་རྒྱལ་རབས། ཧོར་ཆེན་པོའི་རྒྱལ་ཁབ་ཅེས་སོགས་བརྗོད་སྲོལ་གང་ལ་བལྟས་ཀྱང་རྒྱལ་རྒྱུད་བྱེ་བྲག་པ་དང་དེས་མངའ་དབང་བསྒྱུར་བའི་ཡུལ་ཁམས་སྤྱིའི་ས་ཁྱོན་མཚོན་བྱེད་ཀྱི་ཆོས་ཅན་བརྗོད་པའི་མིང་དེའི་ཟུར་དུ་ཆེན་པོ་ཞེས་པའི་ཆོས་བརྗོད་ཀྱི་མིང་སྔར་ནས་སྦྱར་སྲོལ་ཡོད་པ་རྟོགས་ཐུབ། མདོར་ན་བོད་དང་བོད་ཆེན་པོ་ཞེས་པའི་ཐ་སྙད་སྔ་ཕྱི་གང་ཡིན་ཡང་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྟེ་བོད་ཁམས་སྤྱི་ལ་དངོས་མིང་གིས་འཇུག་པའི་ཐ་སྙད་མི་འདྲ་བ་གཉིས་ལས་གངས་ལྗོངས་ཀྱི་ཡུལ་ལུང་བྱེ་བྲག་པ་རེ་རེ་བའི་མིང་མིན་པར་སེམས་སོ། འོན་ཀྱང་མི་བཟང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ། འཇམ་དཔལ་གྱི་རྩ་བའི་རྒྱུད་ལས། རྒྱ་དང་རྒྱ་ནི་ཆེ་ཉིད་ན། འཇམ་པའི་དབྱངས་ནི་རབ་གྲུབ་འགྱུར། ཞེས་དངོས་སུ་བསྟན་པའི་གནས་ཆེན་དེ་ཡང་བོད་དང་བོད་ཆེན་པོ་ཟེར་བ་ལྟར་ཀུའང་ཊེའུ་ལ་སོགས་པ་རྒྱ་དཀར་ནག་གི་མཚམས་ཀྱི་ས་ཆ་འགའ་ཞིག་ལ་རྒྱ་ནག་དང་། དེ་ཚུན་ཆད་ལ་རྒྱ་ནག་ཆེན་པོར་འབོད་པས་མཐའ་དབུས་ཀྱི་ཁྱད་པར་ཙམ་ལ། འཕགས་ཡུལ་བ་རྣམས་མ་ཧཱ་ཙི་ནར་འབོད་པའི་མ་ཧཱ་ནི་ཆེན་པོ་དང། ཙི་ན་ནི་ཆེན་ཞེས་པའི་རྒྱ་སྐད་སྒྲ་ཟུར་ཅུང་ཟད་ཆག་པ་སྟེ། སི་ཡང་ལ་སོགས་པའི་ནུབ་ཕྱོགས་པ་རྣམས་ཙིནྣ་ཟེར་རོ། ཞེས་འབྱུང་བས་གནད་དོན་འདིའི་ཐད་ད་དུང་དཔྱད་པ་གཏོང་བར་ཞུ་ཞིང། གཞན་ཡང་མངའ་ཐང་གི་རྒྱ་ཁྱོན་གྱི་ཁྱད་པར་ལ་བལྟོས་ཏེ་འདོགས་སྲོལ་ཞིག་སྟེ། གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་བརྒྱུད་རིམ་པའི་མངའ་ཐང་བོད་དང། སྲོང་བཙན་ནས་བྱང་རྒྱུད་དང་ཤར་རྒྱུད་སོགས་སུ་རྒྱ་བསྐྱེད་པའི་མངའ་ཐང་ལ་བོད་ ཆེན་པོ་ཞེས་འདོགས་སྲོལ་ཞིག་ཀྱང་མཆིས།
༥༽ ཁམས་དང་ཨ་མདོ། ཁམས་ནི་མཐའི་རྒྱལ་ཕྲན་གྱི་མིང་སྟེ། མདོ་སྟོད་སྨད་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་གྲུ་སྤྱིའི་མིང་ལ་ཁམས་ཞེས་བྱ། ཨ་མདོ་ཞེས་པ་ནི། མདོ་སྨད་ཆོས་འབྱུང་ལས་བ་ཡན་ཧ་རིའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང། མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨ་མདོ་ཞེས་ཟེར་ཞེས་གསུངས་པ་གྲགས་ཆེ་བས། དེ་ལས་གཞན་དུ་གྱུར་པའི་བཤད་པ་མ་བྱུང་ཡང་དེབ་དཀར་མཁན་པོས་ཨ་མདོ་བྱ་བ་ནི་མདོ་བྱ་བའི་ཚིག་འདིའི་སྔོན་འཇུག་དག་པར་ཀློག་པའི་དབང་གིས་ཨ་སྒྲ་ཞིག་སྔོན་ལ་རང་བཞིན་གྱིས་བྱུང་བ་ཙམ་ཡིན་ལ་ཞེས་ཁོང་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་བཤད་པ་གསར་བ་འདི་བློ་གསལ་དོན་གཉེར་ཅན་ཚོའི་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ ལྡེ་མིག་ཏུ་སྣང་།
༦༽ རྒྱལ་ཁམས་དང་བློན་ཁམས། རྒྱལ་པོ་གཅིག་གིས་མངའ་དབང་མཛད་པའི་མཐའ་དབུས་ཀྱི་ཡུལ་གྲུ་སྤྱིའི་མིང་ལ་རྒྱལ་ཁམས་དང་། བློན་ཆེན་གཅིག་གིས་དབང་བའི་ས་རྣམས་ལ་བློན་ཁམས་ཞེས་དེབ་དཀར་རང་ལས་གསུངས། དེ་བཞིན་བཙན་པོ་ལ་རྗེ་དང་། རྒྱལ་པོ། མངའ་བདག །བླ་སོགས་ནི་སྔོན་གྱི་བརྡ་ཡིན་ཅིང་། ས་སྐྱོང་དང་མི་དབང་སོགས་ནི་ལེགས་པར་སྦྱར་བའི་སྐད་ཀྱི་བྷུ་བཱ་ལ་དང། ན་རེཎ་ཊ་སོགས་བསྒྱུར་པར་འདུག་ཅིས་གསུངས་ཤིང་དེ་བཞིན་ཕྱིས་ཀྱི་ཐ་སྙད་སྡེ་པ་བྱ་བ་ཡང་དེ་བ་སྟེ་ལྷ་ཞེས་འབོད་པ་ལས་སྒྲ་ཟུར་ཆག་པ་ཡིན།
༧༽ བཙན་པོ་དང་བཙན་མོ། བཙན་པོ་དང་བཙན་པོ་ཞེས་པ་ནི་རྒྱལ་པོ་དང་བཙུན་མོ་ལ་གོ་བ་ཁྱབ་ཆེ། འོན་ཀྱང་བཙན་མོ་བྱ་བ་རྒྱལ་པོའི་བཙུན་མོ་ཉིད་ལ་གོ་བའི་ངེས་པ་མེད།
༨༽ མདུན་ན་འདོན། འདི་ནི་རྒྱ་སྐད་པུརོ་ཧི་ཏ་བྱ་བ་བསྒྱུར་བ་སྟེ། སྔོན་དུས་ཀྱི་བོད་ཀྱི་རྒྱལ་པོ་རྣམས་ལ་སྐུ་བོན་བྱ་བ་ཞིག་ཡོད་པ་དེ་ཡིན་ཚོད་གདའ། ཕྱིས་སུ་རྒྱལ་པོའི་བློན་པོ་གྱུར།
༩༽ ས་བློན། འདི་ལ་ནང་སོ་དང་ཕྱི་སོ་གཉིས་ཏེ་མེལ་ཚེའམ་སོ་བྱེད་པའི་བློན་ཆེན་ལ་གོ་དགོས་པ་བཅས་སོ།
འདི་དག་ཕལ་ཆེར་ནི་དེབ་དཀར་གྱི་ཚིག་སྣ་བསྡུས་ཏེ་བཀོད་པ་ཡིན་ལ་འདི་དག་གི་ཚུལ་རྒྱས་པ། 《མདོ་སྨད་ཆོད་འབྱུང་།》 ༢ 《ཐུའུ་བཀྭན་རྟོགས་བརྗོད་པད་མ་དཀར་པོ་》 ༧ 《དེབ་དཀར་》 ༢༡༥ 《སྲིད་དོན་རྒྱལ་རབས་》 ༢༡༩ 《དོན་གྲུབ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》 ༢༡ 《རྒྱ་ནག་ཆོས་འབྱུང་》 ༣ སོགས་ལ་ཞིབ་ཏུ་གཟིག་ནས་རྟོགས་པར་བྱ་དགོས།