དགེ་ལྡན་ལེགས་བཤད།
༄༅། མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེཌ་བཤད་པདྨ་དཀར་པོའི་ཆུན་པོ་ཞེས་བྱ་བ། བཅོམ་ལྡན་འདས་ལུགས་གཉིས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། ལུགས་གཉིས་ཇི་བཞིན་མཁྱེན་པ་ཡི། །ཐུབ་དབང་ཞབས་ལ་གུས་བཏུད་ནས། །མཁས་དང་བླུན་པོ་རྣམ་དབྱེ་བའི། །ལེགས་བཤད་མདོ་ཙམ་བསྒྲག་པར་བྱ།
མཁས་པ་ཞེས་བྱ་འཇིག་རྟེན་དང༌། །ཆོས་ཀྱི་ཚུལ་ལ་མཁས་པ་སྟེ། །རྣམ་པ་གཉིས་གསུངས་དེ་བཞིན་དུ། །བླུན་པོ་ཡང་ནི་གཉིས་སུ་བཤད།།
དེས་ན་མཁས་དང་བླུན་པོའི་ཁྱད། །རི་རབ་དང་ནི་རྡུལ་ཕྲན་དང༌། །རྒྱ་མཚོ་དང་ནི་ལྟེང་ཀ་དང༌། །ནམ་མཁའ་ལག་མཐིལ་ལྟ་བུ་ཡིན།།
མཁས་པ་མཁས་པའི་དྲུང་ན་མཛེས། །ཡོན་ཏན་ཇི་བཞིན་མཐོང་བས་ཡིན། །རིན་ཐང་མེད་པའི་ནོར་བུ་དེ། །དེད་དཔོན་ལག་ཏུ་མཛེས་ལ་ལྟོས།།
བླུན་པོའི་གམ་ན་མཁས་མི་མཛེས། །ཡོན་ཏན་མཐོང་བ་མེད་པས་ནོངས། །ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས།།
མཁས་པ་མཁས་པའི་ངག་བཞིན་ཉན། །དེ་ལས་ཡོན་ཏན་འོས་པ་འཐོབ། །གྲུ་དཔོན་ལེགས་ཕྱིན་ངག་ཉན་པས། །ཚོང་མགྲོན་དབྱིག་དང་འཕྲད་ཅེས་གྲགས།།
བླུན་པོ་མཁས་པའི་ངག་མི་ཉན། །དེ་ལས་ཉེས་སྐྱོན་འོས་པ་འཐོབ། །ངང་པའི་ངག་བཞིན་མ་ཉན་པས། །རུས་སྦལ་མཁའ་ལས་ལྷུང་ཞེས་གྲགས།།
མཁས་པ་མཁས་པའི་སྙན་པ་བརྗོད། །དེ་ཡིས་ལུས་ཅན་དང་བ་འདྲེན། །རི་བོང་སེམས་དཔའི་གྲགས་པ་གང༌། །བརྒྱ་བྱིན་གྱིས་ནི་བརྗོད་ལ་ལྟོས།།
བླུན་པོས་མཁས་པའི་མི་སྙན་བརྗོད། །དེ་ཡིས་ལུས་ཅན་དང་བ་ལྡོག །མཛའ་བོས་དགེ་སློང་གྱད་ནོར་གྱི། །མི་སྙན་བརྗོད་པའི་བྱུང་བ་ལྟོས།།
མཁས་པས་མཁས་པ་དབུལ་མཐོང་ན། །ལྷག་པར་སེམས་ཀྱིས་ཡི་རངས་བྱེད། །དཀའ་ཐུབ་གཙང་མའི་དྲང་སྲོང་ལ། །བརྒྱ་བྱིན་དགྱེས་པའི་བྱུང་བ་ལྟོས།།
བླུན་པོས་མཁས་པ་དབུལ་མཐོང་ན། །ང་རྒྱལ་སེམས་ཀྱིས་ཁྱད་གསོད་བྱེད། །སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བགད་ལ་ལྟོས།།
མཁས་པས་གོང་མ་ཐོད་བཞིན་ཁུར། །དེ་ཡིས་བདག་ཉིད་གོང་དུ་འཛེགས། །བཞིན་བཟང་གིས་ནི་ཡུལ་འཁོར་སྲུང༌། །མཆོག་ཏུ་བཀུར་བའི་ཡ་མཚན་ལྟོས།།
བླུན་པོས་གོང་མ་ཁྱད་དུ་གསོད། །དེ་ཡིས་བདག་ཉིད་འོག་ཏུ་ལྷུང༌། །གཙུག་ཕུད་ཅན་གྱིས་རང་གི་ཕ། །དགྲ་བཅོམ་བསད་པའི་ཉེས་དམིགས་ལྟོས།།
མཁས་པས་བདེན་པར་སྨྲ་བ་ཡིས། །རང་ཚིག་གཞན་གྱིས་ཚད་མར་བྱེད། །རྒྱལ་པའི་སྲས་ཀྱིས་བདེན་སྨྲས་པས། །སུ་དཱ་བུ་ཡིས་མཉན་ལ་ལྟོས།།
བླུན་པོས་བརྫུན་པར་སྨྲ་བ་ཡིས། །རང་ཚིག་གཞན་གྱིས་རིས་སུ་བོར། །མུ་སྟེགས་བྱེད་ཀྱིས་བརྫུན་སྨྲས་པས། །ཁྱིམ་བདག་ལུགས་གིས་སྤངས་ལ་ལྟོས།།
མཁས་པས་འཕྲལ་དང་ཕྱིས་གཉིས་ལས། །ཕྱིས་སུ་བདེ་བ་མཆོག་ཏུ་བྱེད། །ཐམས་ཅད་སྒྲོལ་གྱི་དཀའ་ཐུབས་ཀྱིས། །ཆོས་སྐུའི་བདེ་བ་ཐོབ་ལ་ལྟོས།།
བླུན་པོས་འཕྲལ་དང་ཕྱིས་གཉིས་ལས། །འཕྲལ་དུ་བདེ་བ་མཆོག་ཏུ་བྱེད། །རི་དྭགས་རུ་རུས་ཕན་བཏགས་པའི། །མི་ངན་གྱི་ནི་སྤྱོད་ཚུལ་ལྟོས།།
མཁས་པ་དང་པོ་མཐུན་ཕྱིན་ཆད། །མཛའ་བ་ནམ་ཡང་གཏོང་མི་བྱེད། །སྤྲེའུའི་དབང་པོས་སྤྲེའུའི་ཚོགས། །རྗེས་སུ་བསྐྱངས་པའི་སྤྱོད་ཚུལ་ལྟོས།།
བླུན་པོ་དང་པོ་མཐུན་ན་ཡང༌། །ཅུང་ཟད་ཙམ་གྱིས་འགྱུར་ལྡོག་བྱེད། །ཤིང་རྟ་མོ་དང་མཛའ་བ་ཡི། །སེང་གེ་ངན་པའི་སྤྱོད་ཚུལ་ལྟོས།།
མཁས་པ་ལུས་སྟོབས་ཆུང་ན་ཡང༌། །རྣམ་དཔྱོད་རྩལ་གྱིས་དགྲ་ལས་རྒྱལ། །རི་བོང་བློ་དང་ལྡན་པ་ཡིས། །རི་དྭགས་རྒྱལ་པོ་བསད་ཅེས་གྲགས།།
བླུན་པོ་ལུས་སྟོབས་ཆེ་ན་ཡང༌། །བློ་གྲོས་དམན་པས་དགྲ་དབང་འགྲོ། །ལུས་བོང་ཆེ་བའི་གླང་པོ་ཉིད། །སྲེ་མོང་དག་གིས་བསད་པ་ལྟོས།།
མཁས་པ་ཡོན་ཏན་ཀུན་ལྡན་པས། །གང་དུ་ཕྱིན་པ་དེ་རུ་བྲིན། །རྟ་ཕོ་བཟང་དང་རྒྱན་བཟང་པོ། །ཚོང་འདུས་དག་ཏུ་བྲིན་ཞེས་གྲགས།།
བླུན་པོ་ཉེས་པ་ཀུན་ལྡན་པས། །གང་དུ་ཕྱིན་པ་དེ་ནས་ལྡོག །བོང་ཤ་ཡིན་པར་ངོ་ཤེས་ནས། །སུས་ཀྱང་ཉོ་བ་མེད་ལ་ལྟོས།།
མཁས་པར་རང་གི་ཡུལ་བས་ཀྱང༌། །ཡུལ་ཁམས་གཞན་དུ་མཆོད་པ་འཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་ནང་དུ་ག་ལ་བྲིན།།
བླུན་རྒན་གང་དུ་གནས་ན་ཡང༌། །ལུས་ཅན་ཀུན་གྱིས་སྤོང་བར་བྱེད། །ཉེས་འོངས་ཞེས་བྱའི་ཁྱིམ་བདག་བུ། །སྐྱེ་བོ་ཀུན་གྱིས་བོར་ལ་ལྟོས།།
མཁས་པ་དམ་ཚིག་གཙང་བའི་མཐུས། །ཡིད་ལ་འདོད་པའི་དོན་ཆེན་འགྲུབ། །སྲོག་པའི་ཕྲུ་གུས་སེམས་བསྐྱེད་པས། །ཕ་རོལ་མེ་ཆེན་ལོག་ལ་ལྟོས།།
བླུན་པོ་དམ་ཚིག་མི་གཙང་བས། །མི་འདོད་མཚན་མ་འཕྲལ་དུ་བྱུང༌། །ཅི་ཚུགས་བྱས་ཀྱང་བརླག་པར་འགྱུར། །མེ་ཡི་འཇིགས་པས་འཕགས་སྐྱེས་པོ༌།།
མཁས་པ་ཕམ་པ་ཙམ་གྱིས་ནི། །དགྲ་ལན་ལྡོན་པའི་བློ་སྟོབས་བྱུང༌། །མདའ་ཡིས་ཕོག་པའི་བྱང་གཡག་གིས། །རྔོན་པའི་སྲོག་དང་ཕྲལ་ལ་ལྟོས། །
བླུན་པོ་ལན་གཅིག་ཕམ་པ་ན། །གཉེན་ལ་འཁང་ཞིང་དགྲ་བློ་ཞི། །ཁྱི་ངན་ལ་ནི་རྡོ་ཕོག་ན། །འཁང་ནས་ཉལ་བའི་སྤྱོད་ཚུལ་ལྟོས། །
མཁས་པ་དོན་གྱི་གལ་ཐུག་ན། །དགྲ་བོ་གང་ལའང་འཇིགས་པ་མེད། །ལྷ་དབང་གཅིག་གིས་ལྷ་མིན་གྱི། །དཔུང་ཚོགས་ཕམ་པ་བྱུང་ལ་ལྟོས། །
བླུན་པོ་དོན་གྱི་གལ་ཐུག་ན། །ཅུང་ཟད་ཙམ་ལའང་སྐྲག་པ་སྐྱེ། །མི་ལ་ཟགས་སུ་འཁྲུལ་པ་ཡིས། །ལྟག་གི་སྙིང་སྲིད་གས་ལ་ལྟོས། །
མཁས་པ་མང་དུ་འདུས་པ་ན། །བློ་གྲོས་བསྡུར་བས་ལེགས་ལ་སྦྱོར། །གླང་པོ་ལ་སོགས་སྲོགས་ཆགས་བཞི། །འཛོམ་ནས་བསླབ་ཁྲིམས་བཅས་ལ་ལྟོས། །
བླུན་པོ་མང་དུ་འདུས་པ་ན། །བློ་ངན་བསྡུར་བས་ཉེས་ལ་སྦྱོར། །རྫོགས་བྱེད་མང་དུ་འདུས་ནས་ནི། །འཕགས་པ་མོངྒལ་བཀྲོངས་ལ་ལྟོས། །
མཁས་པ་རེ་རེའི་དགེ་མཚན་གྱིས། །རྒྱལ་ཁམས་ཀུན་ལ་བདེ་སྐྱིད་འབྱུང༌། །ཤ་བྱིན་ཞེས་བྱའི་ཆོས་རྒྱལ་གྱིས། །རང་སྲིད་བསྐྱངས་པའི་ཡ་མཚན་ལྟོས། །
བླུན་པོ་རེ་རེའི་བྱེད་པ་ཡིས། །རྒྱལ་ཁམས་ཀུན་ལ་སྡུག་བསྔལ་འབྱུང༌། །མ་ལ་གནོད་ཀྱི་བྱེད་པ་ཡིས། །ཤཱཀྱའི་རིགས་ནི་འཕུང་ལ་ལྟོས། །
མཁས་པས་ཆགས་སྡང་ཞི་བ་ཡིས། །དགྲ་བོ་དང་ཡང་མཛའ་བ་འཐོབ། །རི་དྭགས་ཤར་བྷས་བསྒྲལ་བ་ཡིས། །རྒྱལ་པོ་དགའ་བའི་ངང་ཚུལ་ལྟོས། །
བླུན་པོ་ཆགས་སྡང་གོམས་པ་ཡིས། །ཀུན་དང་འཁོན་པ་ངང་གིས་འཐོབ། །དུག་སྦྲུལ་གདུག་པའི་གཟུགས་མཐོང་ན། །སྐྱེ་བོ་མཐའ་དག་བྲོས་ལ་ལྟོས། །
མཁས་པས་རྙེད་པ་རྙེད་པ་སྟེ། །འབྱུང་འོས་ཤིག་ལས་བྱུང་བ་ཡིན། །སྐྱེ་བོ་མང་པོས་བཀུར་བ་ཡིས། །སྔོན་གྱི་རྒྱལ་པོའི་ཡ་མཚན་ལྟོས། །
བླུན་པོའི་རྙེད་པ་ལོག་འཚོ་སྟེ། །འབྱུང་མི་འོས་ཤིག་བྱུང་བ་ཡིན། །ཝ་སྐྱེས་རྒྱལ་པོར་བཀུར་བ་ཡིས། །རི་དྭགས་རྒྱལ་པོས་བསད་ལ་ལྟོས། །
མཁས་པ་དང་པོ་བརྩམས་ཕྱིན་ཆད། །ཅི་ལ་ཐུག་ཀྱང་མཐར་སྐྱེལ། །མེ་འོབས་བརྒལ་ནས་ཚོང་དཔོན་གྱིས། །དྲང་སྲོང་ཆེན་པོའི་སྙིང་སྟོབས་ལྟོས། །
བླུན་པོས་བྱ་བ་གང་བརྩམས་ཀྱང༌། །ཕྱིས་སུ་འཚེངས་པ་གཅིག་ཀྱང་མེད། །ཁྱེའུ་མེ་སྐྱེས་ཕ་ཡིས་ནི། །བུད་མེད་ལྟོ་པ་མཉེས་ལ་ལྟོས། །
མཁས་པས་གཞན་དག་ཅི་ཟེར་ཡང༌། །དོན་ལ་བལྟས་ནས་འཇུག་ལྡོག་བྱེད། །བྲམ་ཟེའི་སློབ་མས་སློབ་དཔོན་གྱིས། །བརྐུ་བར་བསྔགས་པ་བཟློག་ལ་ལྟོས། །
བླུན་པོ་དོན་ལ་མི་ལྟ་བར། །གཞན་གྱིས་བྲིད་པའི་དབང་དུ་གཏོང༌། །སྲིན་མོའི་ངག་བཞིན་ཉན་པ་ཡིས། །ཚོང་མགྲོན་མཐའ་དག་ཕུང་ལ་ལྟོས། །
མཁས་པ་ཤིན་ཏུ་རྒུད་ན་ཡང༌། །ཟླ་བ་བཞིན་དུ་ཡར་ངོ་འབྱུང༌། །བཙོན་རར་འཁོད་པའི་བློབ་པོ་མགར། །རྗེས་སུ་ཀུན་ལས་རྒྱལ་ཞེས་གྲགས། །
བླུན་པོ་ལན་གཅིག་རྒུད་པ་ན། །མར་མེ་བཞིན་ཟད་པར་འགྱུར། །བཟོད་སྨྲར་རྒོལ་བའི་རྒྱལ་པོ་ཉིད། །འཕྲལ་དུ་བརླགས་པའི་ངང་ཚུལ་སྟོས། །
མཁས་པས་གཞན་དག་འཐབ་པ་ན། །ཕན་པའི་སེམས་ཀྱིས་མཐུན་པར་སྒྲུབ། །རྒྱལ་བུ་དད་པས་ཀླུ་རྒྱལ་གཉིས། །མཛའ་བར་བྱེད་པའི་དགེ་མཚན་ལྟོས། །
བླུན་པོས་གཞན་དག་འཐབ་པ་ན། །ཀྱོག་པོའི་སེམས་ཀྱིས་ཅི་དགར་འཇོག །བྱི་བས་གླང་ཆེན་སྲེ་མོང་གཉིས། །བཏང་སྙོམས་བྱས་པས་ཕུང་ལ་ལྟོས། །
མཁས་པས་ནོར་བསགས་སྦྱིན་པར་གཏོང༌། །དེ་ཡིས་ཁྲོན་ཆུ་བཞིན་དུ་འཕེལ། །འཕྲལ་ལ་མཐོ་ཞེས་ཁྱེའུ་ཡིས། །སངས་རྒྱས་མཆོད་པའི་བསོད་ནམས་ལྟོས། །
བླུན་པོས་སེར་སྣས་ལོངས་མི་སྤྱོད། །དེ་ཡིས་ཟླ་བ་བཞིན་དུ་མཛད། །སྦྲང་མས་བསགས་པའི་སྦྲང་རྩི་རྣམས། །གཞན་གྱིས་སྤྱད་ནས་ཟད་ལ་ལྟོས། །
མཁས་པར་དང་པོ་འཐབ་རྩོད་སྤོང༌། །འཐབ་རྟིང་དགྲ་ལ་ནུས་ཐོན་བྱེད། །རྒྱལ་པོ་སྲིད་སྒྲུབ་ཅེས་བྱ་བས། །ཕ་རོལ་དམག་ཚོགས་བཅོམ་ལ་ལྟོས། །
བླུན་པོ་དང་པོ་འཐབ་རྩོད་སློང༌། །འཐབ་པས་རྒྱལ་ཁ་དགྲ་ལ་གཏོང༌། །རྒྱལ་པོ་མེ་ལོང་འཛིན་པ་ཡིས། །རྒྱལ་ཁ་བློན་པོར་ཤོར་ལ་ལྟོས། །
མཁས་པས་རང་ལ་གནོད་ནུས་པའི། །དགྲ་བོ་ཐོག་མར་འཆམ་ལ་འབེབ། །དེད་དཔོན་རྒྱ་མཚོར་འཇུག་པ་ན། །སྔོན་ལ་ཆུ་སྲིན་གསོད་ཅེས་གྲགས། །
བླུན་པོས་རང་ལ་གནོད་ངེས་ཀྱང༌། །ཟང་ཟིང་སེམས་ཀྱིས་ཅི་དགར་འཇིག །གཟུཌ་ཅན་སྙིང་པོས་ལུས་འཕཌ་མ། །བཙུན་མོར་བྱས་པའི་ཉེས་དམིཌ་ལྟོས། །
མཁས་པར་རང་གི་སྙན་གྲགས་གང༌། །སྐྱེ་བོ་གཞན་ལ་བགོ་བར་བྱེད། །རྒྱལ་པོས་བསྟན་པ་བཙུགས་པ་ཡི། །སྙན་གྲགས་འགོས་ཀྱིས་ཐོབ་ལ་ལྟོས། །
བླུན་པོ་རང་གི་ཉེས་སྐྱོན་རྣམས། །སྐྱེ་བོ་གཞན་ལ་ནན་གྱིས་བགོ །གཡོ་ཅན་གྱིས་ནི་གོའུ་ཏམ་དྲུང༌། །རལ་གྲི་ཁྲག་ཅན་བོར་ལ་ལྟོས། །
མཁས་པས་ཐབས་ལ་མཁས་པའི་མཐུས། །ཆེན་པོ་རྣམས་ཀྱང་བྲན་དུ་བཀོལ། །མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང༌། །གོས་སེར་ཅན་གྱིས་ཞོན་ལ་ལྟོས། །
བླུན་པོ་ཐབས་ལ་མི་མཁས་པས། །ཆུང་ངུ་རྣམས་ཀྱིའང་བྲན་དུ་འགྱུར། །ཝ་ཡིས་ཁུར་པོ་བསྐུར་བ་ཡིས། །སེང་གེ་རྒྱགས་པའི་སྤྱོད་ཚུལ་ལྟོས། །
མཁས་པ་བློ་གྲོས་མཛངས་པའི་མཐུས། །རང་གི་གཏམ་ངན་ཐབས་ཀྱིས་སེལ། །དྲང་སྲོང་ཞིག་གིས་རྒྱལ་པོ་ལ། །ཐབས་ཀྱིས་དག་པར་བྱས་ལ་ལྟོས། །
བླུན་པོ་མཛངས་པའི་བློ་མེད་པས། །རང་གི་གཏམ་ངན་ངོ་སོར་བྱེད། །ཙུ་ཏའི་ཡུལ་གྱི་རྒྱལ་ཕྲན་འགའ། །ཕ་བསད་པ་ལ་རྒྱལ་རྔ་རྡུང༌། །
མཁས་པ་ཤིན་ཏུ་ཉམ་ང་བའི། །གནས་ལས་གཟུར་བ་དཔའ་རྟགས་ཏེ། །སེང་གེས་ཁྱུ་མཆོག་གསོད་པའི་ཚེ། །རྭ་ལ་གཟུར་བར་བྱེད་ཅེས་གྲགས། །
བླུན་པོས་རྟོག་དཔྱོད་མི་གཏོང་བར། །དགྲ་ལ་རྩོད་པ་བླུན་རྟགས་ཏེ། །མར་མེའི་འོད་ལ་འཐབ་པ་ཡི། །ཕྱེ་མ་ལེབ་ཀྱི་ངང་ཚུལ་ལྟོས། །
མཁས་པས་འོས་པ་བཞིན་བྱེད་པས། །སྐྱེ་བོ་སུས་ཀྱང་ཚོད་འཛིན་སླ། །གླང་པོ་རང་ལུས་བོར་བ་ཉིད། །ཕོངས་པ་རྣམས་ཀྱིས་ཤེས་ལ་ལྟོས། །
བླུན་པོ་མི་བྱེད་དགུ་བྱེད་པས། །སྐྱེ་བོ་སུས་ཀྱང་ཚོད་འཛིན་དཀའ། །ཀླ་ཀློའི་ཡུལ་ལྗོངས་ཁ་ཅིག་ན། །མ་ཉིད་བག་མར་ལེན་ལ་ལྟོས། །
མཁས་པས་སྔ་སྲོལ་བཟང་པོ་སྐྱོང༌། །དེ་ཡིས་བདེ་བ་རྟན་པོ་འཐོབ། །ཡེ་དབང་རྒྱལ་པོས་ཡབ་མེས་བཞིན། །རྒྱལ་བའི་བསྟན་པ་མཆོད་ལ་ལྟོས། །
བླུན་པོས་སྔ་སྲོལ་བཟང་པོ་སྣུབ། །དེ་ཡིས་སྡུག་བསྔལ་དྲག་པོ་འཐོབ། །རྒྱལ་པོ་འུ་དུམ་བཙན་གྱིས་ནི། །བསྟན་པ་སྣུབ་པའི་ཉེས་དམིགས་སྟོས། །
མཁས་པས་ས་ཆེན་གང་གྱུར་ཀྱང༌། །ཉུང་བ་བཞིན་དུ་གདུང་བ་སྐྱེ། །རྒྱ་མཚོ་ནོར་བུས་གང་ན་ཡང༌། །ཚོང་མགྲོན་ཚིམ་པ་མེད་ལ་ལྟོས། །
བླུན་པོ་གཅིག་ལས་མེད་ན་ཡང༌། །མང་བ་བཞིན་དུ་ཉེས་སྐྱོན་ཆེ། །སྦལ་པ་རྨ་ཅན་གཅིག་གིས་ནི། །སྲོག་ཆགས་ཟླ་བོ་ཕུང་ལ་ལྟོས། །
མཁས་པ་གལ་ཏེ་ནོར་ན་ཡང༌། །ཅུང་ཟད་ཙམ་གྱིས་མཐོ་དམའ་ཡིན། །ཆག་ཚད་ཤེས་པའི་བཟོ་བོ་ཡིས། །ནོར་ཡང་སོར་གང་ཡིན་ཞེས་གྲགས། །
བླུན་པོས་གལ་ཏེ་ནོར་པ་ན། །ཚད་ལས་བརྒལ་བའི་མཐོ་དམན་འབྱུང༌། །རི་དྭགས་རྒྱ་རུ་ཆུད་པ་ན། །སྲོག་དང་བྲལ་བའི་ཉེས་དམིགས་ལྟོས། །
མཁས་པར་རང་སྲིད་ནང་བསྡུམས་ཏེ། །སྡང་བའི་དགྲ་ལ་ནུས་པ་འདོན། །སྲིན་པོ་རང་ཁྲིམས་བསྡམས་ནས་ནི། །ཕ་རོལ་མི་ཤ་ཟ་ལ་ལྟོས། །
བླུན་པོ་དགྲ་ལ་བག་འཁུམས་ཀྱང༌། །ནང་དུ་འཁྲུགས་ལོང་སྣ་ཚོགས་བྱེད། །ཁྱ་ངན་མི་ལ་མཇུག་བསྒྲིལ་ཡང༌། །ཕན་ཚུན་སྐྱེལ་བསུ་བྱེད་ལ་ལྟོས། །
མཁས་པས་དགྲ་ལ་མིག་བསྲིངས་པས། །ཐ་མར་དགྲ་བོ་དབང་དུ་སྡུད། །དཀའ་ཐུབ་ཅན་གྱི་བཟོད་པ་ཡིས། །རྒྱལ་པོ་དབང་དུ་བསྡུས་ལ་ལྟོས། །
བླུན་པོས་དགྲ་ལ་ལན་བྱས་པས། །དཀའ་བ་རྒྱུན་མི་འཆད་པ་ཐོབ། །སྲོག་ཆགས་བྱ་རོག་འུག་པ་གཉིས། །རྟག་ཏུ་འཐབ་པའི་སྤྱོད་ཚུལ་ལྟོས། །
མཁས་པ་ང་རྒྱལ་ཞི་བའི་མཐུས། །དམ་པ་བསྟེན་ནས་ལེགས་བཤད་ལེན། །གཞིན་ནུ་ནོར་བཟང་ཞེ་བྱ་བས། །བཤེས་གཉེན་བཙལ་བའི་རྣམ་ཐར་ལྟོས། །
བླུན་པོ་ང་རྒྱལ་ཆེ་བའི་མཐུས། །དམ་པ་བསྟེན་པའི་གོ་སྐབས་མེད། །མཁས་རློམ་ཞིག་གིས་མཁན་པོ་ནི། །མེད་པར་རང་རྟགས་བླངས་ཞེས་གྲགས། །
མཁས་པ་དང་པོ་དབྱེ་དཀའ་ཞིང༌། །ཕྱེ་ནས་ཡང་ནི་འདུམ་པ་སླ། །ལྗོན་ཤིང་གཅོད་པར་དཀའ་ན་ཡང༌། །སྦྱར་བའི་ཚེ་ན་འབྱར་ལ་ལྟོས། །
བླུན་པོ་དང་པོ་དབྱེ་སླ་ཞིང༌། །ཕྱེ་ནས་སླར་ནི་འདུམ་པ་དཀའ། །སོལ་བ་ཆག་པར་གྱུར་པ་ན། །འབྱར་བའི་གོ་སྐབས་མེད་ལ་ལྟོས། །
མཁས་པས་ཤིན་ཏུ་ཁྲོས་གྱུར་ཀྱང༌། །ཕུགས་སུ་ཕན་པ་ཁོ་ན་སྟེ། །ཡི་དམ་ཆོས་སྐྱོང་ཁྲོས་ན་ཡང༌། །བར་ཆད་མཐའ་དག་སྲུང་ལ་ལྟོས། །
བླུན་པོ་ཤིན་ཏུ་མཛུམ་ན་ཡང༌། །ཕུགས་སུ་གནོད་པ་ཁོ་ན་བྱེད། །གཤིན་རྗེ་འཛུམ་པ་སྟོན་པ་ཡིས། །སྲོག་ཆགས་གསོད་པའི་ཚུལ་ལ་ལྟོས། །
མཁས་པ་འབྱོར་བ་ཙམ་གྱིས་ནི། །གཞན་ལ་མི་གནོད་བདེ་བར་གནས། །རི་དྭགས་རྒྱལ་པོ་འགྲངས་པ་ན། །གཞོགས་གཡས་ཕབ་ནས་ཉལ་ལ་ལྟོས། །
བླུན་པོ་ཅུང་ཟད་འབྱོར་བ་ན། །གཞན་ལ་གནོད་པ་ཁོ་ན་སྟེ། །ཝ་སྐྱེས་ཟས་ཀྱིས་འགྲངས་པ་ན། །བརྒྱལ་ནས་ལྟས་ངན་སྒྲོག་ལ་ལྟོས། །
མཁས་པ་ཡོན་ཏན་བསླབ་པའི་ཚེ། །སྡུག་ཀྱང་སྲན་དུ་ཚུགས་པ་སྟེ། །རྒྱ་མཚོར་བགྲོད་པ་དཀའ་ན་ཡང༌། །ནོར་བུ་ལོན་པས་འཚེངས་ལ་ལྟོས། །
བླུན་པོས་སྐྱིད་འདོད་ལེ་ལོས་འདའ། །མ་བསླབ་ཡོན་ཏན་ཅི་ལ་འབྱུང༌། །ཚོང་དང་ཞིང་ལས་མ་ནུས་པའི། །ཁྱིམ་པ་ཕལ་ཆེར་དབུལ་ལ་ལྟོས། །
མཁས་པས་རང་གི་སྐྱོན་ལ་ལྟ། །དེ་ཡིས་བག་ཡོད་དགེ་ལེགས་ཐོབ། །མ་སྐྱེས་དགྲ་ཡིས་རང་སྐྱོན་ལ། །བལྟས་པས་བདེན་པ་མཐོང་ལ་ལྟོས། །
བླུན་པོ་གཞན་གྱི་སྐྱོན་ལ་ལྟ། །དེ་ཡིས་བག་མེད་སྡུག་བསྔལ་ཐོབ། །ལེགས་པའི་སྐར་མས་སངས་རྒྱས་ཀྱི། །སྐྱོན་ལ་བལྟས་པའི་རྣམ་སྨིན་ལྟོས། །
མཁས་པ་གཞན་གྱིས་ཕན་བཏགས་པའི། །བྱས་པ་ཤེས་ཤིང་དྲིན་དུ་གཟོ། །ཀུན་ཏུ་རྒྱུ་ཡིས་རྒྱལ་པོ་ཞིག །སྡིག་དང་བྲལ་བའི་བྱུང་བ་ལྟོས། །
བླུན་པོ་དྲིན་དུ་མི་གཟོ་ལས། །ཕན་བཏགས་ལན་དུ་གནོད་པ་བྱེད། །སྤྲའུས་གཡང་ལས་བསྒྲལ་བ་ཡི། །མི་ངན་གྱི་ནི་སྤྱོད་ཚུལ་ལྟོས། །
མཁས་པ་ཕུན་སུམ་ཚོགས་གྱུར་ན། །བདེ་སྐྱིད་ལོངས་སྤྱོད་ངང་གིས་འབྱུང༌། །ལྷ་དབང་ལྷ་རྫས་ན་བཟའ་དང༌། །བདུད་རྩིའི་ཟས་ཀྱིས་མཆོད་ལ་ལྟོས། །
བླུན་པོ་ནོར་གྱིས་ཕྱུག་ན་ཡང༌། །བཀྲེས་པ་བཞིན་དུ་ལོངས་མི་སྤྱོད། །ཝ་སྐྱེས་ཤ་དང་འཕྲད་བཞིན་དུ། །གཞུ་རྒྱུད་བཟོས་པས་ཕུང་ལ་ལྟོས། །
མཁས་པས་ལྟོ་གོས་ཁྱད་བསད་ནས། །བཟང་པོའི་གཏམ་ལ་ངོ་སོར་བྱེད། །དཔའ་བོ་གང་ལའང་མི་ལྟ་བར། །གཡུལ་ལས་རྒྱལ་བར་བྱེད་ལ་ལྟོས། །
བླུན་པོས་སྙན་གྲགས་ཁྱད་བསད་ནས། །ཅུང་ཟད་འབྱོར་ལ་ངོ་སོ་བྱེད། །རྐུ་འཕྲོག་བྱེ་པའི་སྐྱེ་བོ་ཡང༌། །རྒྱན་གྱིས་མཛེས་པར་བྱེད་ལ་ལྟོས། །
མཁས་པས་རྟག་ཏུ་ཟོན་གནས་པས། །ནམ་ཡང་གཞན་གྱིས་བརླག་མི་ནུས། །རབ་སྣང་གཏུམ་པོས་ས་འཛིན་ལ། །གླགས་མ་རྙེད་པའི་བྱུང་བ་ལྟོས། །
བླུན་པོ་རྟག་ཏུ་ཟོན་གློད་པས། །ངེས་པར་གཞན་གྱིས་བརླག་པར་འགྱུར། །མ་ཞང་གྲོམ་པ་སྐྱེས་ཞེས་པ། །དོང་དུ་བཅུག་པའི་བྱུང་ཚུལ་ལྟོས། །
མཁས་པ་ལ་ནི་གཞན་དག་གིས། །གནོད་པ་བྱས་ཀྱང་ཕན་པ་སྟེ། །དགེ་སློང་ལམ་པར་བཅུ་གཉིས་སྡེས། །གནོད་ཀྱང་ཕན་པའི་རྣམ་ཐར་ལྟོས། །
བླུན་པོ་ཉིད་ལ་གཞན་དག་གིས། །ཕན་པ་བྱས་ཀྱང་གནོད་པ་སྟེ། །ལྷས་བྱིན་ལ་ནི་མ་སྐྱེས་དགྲས། །བསྙེན་བཀུར་བྱས་པའི་ཉེས་དམིགས་ལྟོས། །
མཁས་པ་རང་ལ་ཉེ་བ་ལ། །བག་ཕེབས་སེམས་བདེ་སྟེར་བར་བྱེད། །སེང་གེས་རེ་དྭགས་མཐའ་དག་གི །དབུགས་དབྱུང་བྱས་པའི་བྱུང་བ་ལྟོས། །
བླུན་པོ་རང་ཉ་བ་ལ། །ཡེ་འདྲོག་སྡུག་བསྔལ་ངང་གིས་སྟེར། །ཅལ་སྒྲ་ཐོས་པའི་རི་བོང་གིས། །སྲོག་ཆགས་ཟླ་བོ་སྐྲོག་ལ་ལྟོས། །
མཁས་པ་ཡོན་ཏན་ཁོང་དུ་སྦས། །དེ་ལ་སྐྱེ་བོ་མང་དུ་འཁོར། །རྒྱ་མཚོའི་ནང་གི་ནོར་བུ་ལ། །དེད་དཔོན་མང་པོ་འཁོར་ལ་ལྟོས། །
བླུན་པོ་ཡོན་ཏན་ཁ་ན་འབྱིན། །དེ་ལ་སྐྱེ་བོ་འཁོར་མི་འགྱུར། །སེག་མ་ཆུ་ཡི་སྟེང་འགྲོ་བ། །སུས་ཀྱང་ལེན་པར་མེད་ལ་ལྟོས། །
མཁས་པ་ཁོག་ཡངས་ཅ་ཅོ་མེད། །དེ་ཡིས་ཟབ་ཁྱད་མཚོན་པ་སྟེ། །རྒྱ་མཚོ་དལ་བར་འབབ་པ་ཡིས། །གཏིང་དཔག་མཆོག་ཏུ་དཀའ་ལ་ལྟོས། །
བླུན་པོ་དྲེགས་ཤིང་སྨྲ་བ་མང༌། །དེ་ཡིས་བློ་ཆུང་མཚོན་པ་སྟེ། །འུར་སྒྲ་འབྱིན་པའི་ཆུ་ཕྲན་གྱི། །གཏིང་དཔག་ཤིན་ཏུ་སླ་ལ་ལྟོས། །
མཁས་པ་གཏིང་ནས་འཁོན་ཡང་རུང༌། །ལེགས་པར་བཏུད་ན་ཞི་བ་སྟེ། །གསེར་དངུལ་ཤིན་ཏུ་སྲ་བ་ཡང༌། །བཞུ་བར་ནུས་པའི་ཚུལ་ལ་ལྟོས། །
བླུན་པོ་འཁོན་ནམ་མ་འཁོན་ཡང༌། །ལེགས་པར་བཏུད་ན་རེངས་པ་སྟེ། །ཁྱི་ལུད་ཕུང་པོ་བཞུ་བ་ན། །དྲི་ངན་འབའ་ཞིག་བྱུང་ལ་ལྟོས། །
མཁས་པ་དྲང་བའི་སེམས་ལྡན་པས། །བྱ་བ་གང་བྱས་ཐད་ཀར་འགྲོ། །འཚོ་བྱེད་གཞོན་ནུས་སྨན་དབྱད་ནི། །བྱས་པ་མཐའ་དག་འཚེངས་ལ་ལྟོས། །
བླུན་པོ་གཡོ་སྒྱུའི་སེམས་ལྡན་པས། །བྱ་བ་ཕལ་ཆེར་རང་ལ་ལྡོག །ཤར་པའི་བུ་ཉིད་ཐར་རྗེས་སུ། །བུད་མེད་གཡོ་སྒྱུས་བསད་ལ་ལྟོས། །
མཁས་པ་སྔར་འདྲིས་མ་གཏོགས་པ། །གློ་བུར་ཕྲད་ལ་ཡིད་མི་རྟོན། །རི་དྭགས་མི་དང་མ་འདྲིས་པས། །མཐོང་མ་ཐག་ཏུ་བྲོས་ལ་ལྟོས། །
བླུན་པོ་སྔོན་ཆད་མ་འདྲིས་ཀྱང༌། །བློ་བུར་འགྲོགས་ལ་མགོ་བློ་གཏོད། །བྷ་ག་ལ་ཡི་རྒྱལ་པོ་ཉིད། །བདུད་མོས་བསླུས་པའི་བྱུང་བ་ལྟོས། །
མཁས་པ་གནོད་ཚིག་ཁར་མི་འབྱིན། །དེ་ཉིད་དགྲ་ཡིས་གཞོམ་མི་ནུས། །སེང་གེ་ཉལ་བར་གྱུར་ཀྱང་ནི། །རི་དྭགས་སྐྲག་པའི་ཚུལ་ལ་ལྟོས། །
བླུན་པོ་གནོད་ཚིག་ཁ་རུ་འབྱིན། །དེ་ཉིད་དགྲ་ཡིས་གཞོམ་པར་ནུས། །ཁྱི་རྣམས་རྟག་ཏུ་ཟུག་པ་ཡང༌། །སྤྱང་ཀིས་སྐྲག་པར་གྱུར་ལ་ལྟོས། །
མཁས་པ་བློ་གྲོས་ཟབ་པའི་མཐུས། །གཞན་ལ་མི་ལྟོས་རང་གིས་སྤྱོད། །མཆོད་སྦྱིན་བྱེད་པའི་རྒྱལ་པོ་ཡིས། །ཆོས་ཀྱི་མཆོད་སྦྱིན་བྱས་ལ་ལྟོས། །
བླུན་པོ་བློ་གྲོས་འཆལ་བའི་མཐུས། །དབང་མེད་གཞན་གྱི་ངག་རྗེས་འབྲང༌། །དཔལ་སྦས་ཀྱིས་ནི་སངས་རྒྱས་ལ། །དུག་གི་ཟས་སྦྱོར་བྱས་ལ་ལྟོས། །
མཁས་པ་བཟང་པོའི་ལས་བྱེད་པས། །ལས་འབྲས་བཟང་པོ་འཕྲལ་དུ་མྱོད། །སིང་ག་ལ་ཞེས་བྱ་བ་ཡིས། །འཕྲལ་དུ་རྒྱལ་སྲིད་ཐོབ་ལ་ལྟོས། །
བླུན་པོ་ངན་པའི་ལས་བྱས་པས། །ལས་འབྲས་ངན་པ་འཕྲལ་དུ་མྱོང༌། །མ་དུས་སྔོ་བསངས་འཁོར་བཅས་རྣམས། །མེ་ལ་བསྲེགས་པའི་རྣམ་སྨིན་ལྟོས། །
མཁས་པ་མགུ་བ་དཀའ་བ་སྟེ། །ཡོན་ཏན་མེད་ལ་མཁས་མི་མགུ། །ཕྲེང་ལྡན་མ་ཡིས་མུ་སྟེགས་བྱེད། །བཀུར་བའི་གོ་སྐབས་མེད་ལ་ལྟོས། །
བླུན་པོ་མགུ་བར་སླ་བ་སྟེ། །ཡོན་ཏན་ལྟར་སྣང་ཙམ་གྱི་མགུ། །ཁྲི་སྡེའི་བླ་དཔོན་ཕལ་ཆེ་བས། །རྒྱ་ནག་མཁན་པོར་བཀུར་ལ་ལྟོས། །
མཁས་པ་ཡོན་ཏན་ཀུན་ལྡན་ཏེ། །བླུན་པོ་ལ་སྐྱོན་འབའ་ཞིག་ཡིན། །རིན་ཆེན་དགོས་འདོད་འབྱུང་བ་དང༌། །སྦྲུལ་གདུག་ཉེས་ཀུན་སྐྱེད་ལ་ལྟོས། །
དེ་ཕྱིར་མཁས་དང་བླུན་པོ་ཡི། །རྣམ་དབྱེ་ལེགས་པར་ཕྱེད་གྱིས་ལ། །མཁས་པ་རྒྱན་བཞིན་མཛིན་པ་དང༌། །བླུན་པོ་རྩྭ་བཞིན་དོར་བར་འོས། །
གླང་ཆེན་ནང་གི་འཁུན་པ་བཞིན། །འཇིག་རྟེན་མཁས་པའི་ནང་ནང་ཀྱང༌། །དཔའ་མཛངས་ལྡན་པའི་ཡིད་འཕྲོག་ནི། །འཇིག་རྟེན་འདི་ན་རྒྱན་དུ་ཆེ། །
ནོར་བུའི་ནང་གི་བསམ་འཕེལ་བཞིན། །ཆེས་ལ་མཁས་པའི་ནང་ནས་ཀྱང༌། །མཁས་བཙུན་བཟང་གསུམ་འཛོམས་པ་ནི། །བསྟན་པ་འདི་ལ་རྒྱན་དུ་ཆེ། །
མཁས་པའི་དབང་པོ་ས་པཎ་གྱིས། །མཁས་བླུན་རྣམ་པར་དབྱེ་བ་ཡི། །ལེགས་བཤད་རིན་ཆེན་གཏེར་ཞེས་པ། །འཇིག་རྟེན་མིག་ཏུ་བྱིན་ན་ཡང༌། །
དེང་སང་མཁས་པའི་ཉིན་བྱེད་རྣམས། །ཞིང་གཞན་ནུབ་རིའི་རྩེར་སོན་ཞིང༌། །བླུན་རྨོངས་ཟླ་བའི་གཟུགས་ཤར་བས། །ལེགས་བཤད་པདྨོ་ཕལ་ཆེར་ཟུམ། །
སླར་ཡང་བདག་བློའི་སྐྱེད་ཚལ་འདིར། །རྣཾ་དཔྱོད་ཉི་མའི་ཟེར་འཁྱིལ་ཞིང༌། །བརྩོན་འགྲུས་ཆར་གྱིས་བྲན་པ་ལས། །ལེགས་བཤད་པདྨ་དཀར་པོ་འཁྲུངས། །
ཁྲེལ་ཡོད་མཛེས་པའི་ལུས་འཆང་ཞིང༌། །བློ་གྲོས་མིག་དཀྱུས་རིང་པོ་ཡིས། །སྐལ་བཟང་རྐང་དྲུག་ལྡན་པ་རྣམས། །དེང་ནས་རྩེ་ཞིང་རོལ་པར་མཛོད། །
དེ་ལྟར་ལེགས་བཤད་པ་ཡི། །དགེ་བས་དེང་སང་སྐྱེ་བོ་ཀུན། །མཁས་བླུན་རྣམ་དབྱེ་ཤེས་ནས་ནི། །མཁས་ལ་མ་ནོར་དད་གྱུར་ཅིག། །།
ཅེས་མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ ཆུན་པོ་ཞེས་བྱ་བ། འདི་ནི་རང་གི་སློབ་མ་ལེགས་བཤད་དོན་དུ་གཉེར་བའི་བློ་གྲོས་ཅན་འགའ་ཟུང་གིས་ བསྐུལ་བ་ལ་བརྟེན་ནས། ཡུལ་གངས་ཅན་དབུས་ཀྱེ་ལེགས་པར་སྨྲ་བ་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་ སྡེས། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ལེགས་བཤད་སྨྲ་བ་ངག་ དབང་ཆོས་ཀྱི་གྲགས་པའོ། འདིས་ཀྱང་སྐྱེ་བོ་མཐའ་དག་གིས་མཁས་པ་དང་བླུན་པོའི་རྣམ་དབྱེ་བདེ་བླག་ཏུ་ཕྱེད་ པར་གྱུར་ཅིག། །།