བཀྲ་ཤིས་རྫས་བརྒྱད།
༄༅། བཀྲ་ཤིས་པའི་རྫས་མཆོག་བརྒྱད་ནི།
མེ་ལོང་། གི་ཝང༌། འོ་མ། རྩྭ་དུརྦ། ཤིང་ཏོག་བིལ་ཝ། དུང་དཀར་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་ཡིན།
དེ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་ལ་བརྟེན་ནས་ལུས་ཅན་ཐམས་ཅད་རྒྱལ་བའི་ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་གྱིས་རྣམ་དག་ཆོས་ལ་ཐོགས་མེད་ལོངས་སུ་སྤྱོད་པའི་བཀྲ་ཤིས་པའི་རྫས་སུ་རྒྱལ་བས་བྱིན་གྱིས་བརླབས་ཤིང༌། དེ་བཞིན་དུ་གཉིས་འཐུང་གི་དབང་པོའམ་གླང་ཆེན་ས་སྲུང་གིས་གི་ཝང་ཕུལ་བས། ཉོན་མོངས་ཟུག་རྔུའི་ནད་དང་སྡུག་བསྔལ་དག་པའི་སྨན་མཆོག་ཆོས་ཉིད་ཀྱི་དོན་རབ་ཏུ་རྟོགས་པར་བྱིན་གྱིས་བརླབས། གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་མ་ཕུལ་བས་དུས་གསུམ་ཞི་ཞིང་སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཏུ་རྟོགས་པར་བྱིན་གྱི་བརླབས། ཡང་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དུརྦ་ཕུལ་བས། ཉོན་མོངས་སྐྱེ་ཤིའི་རྒྱུན་ཆད་པའི་རྡོ་རྗེ་སེམས་དཔའི་ཚེ་སྟེ། འཆི་མེད་ཀྱི་ཚེ་ཐོབ་པར་བྱིན་གྱིས་བརླབས། ཤིང་གི་ལྷ་མོས་ཤིང་ཏོག་བིལ་བ་ཕུལ་བས་འཇིག་རྟེན་ལས་འདས་པའི་བྱང་ཆེན་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་དོན་ཀུན་འགྲུབ་པ་དེ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཅན་ཕུལ་བས་ཐེག་གསུམ་ཆོས་འཁོར་གང་འདུལ་མ་ནོར་ཡོངས་སུ་བསྟན་པ། སའི་ལྷ་མོ་བསྟན་མའམ་ཡང་ན་བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི་ཕུལ་བས་སྲིད་ཞི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་སྒྱུར་བ་དེ་དང༌། གསང་བདག་ཕྱག་རྡོར་གྱི་ཡུངས་དཀར་ཕུལ་བས་བདུད་བགེགས་བར་ཆད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ལ་དབང་འབྱོར་བར་བྱིན་གྱིས་བརླབས་པར་མཛད་པ་བཅས་ལས་བཀྲ་ཤིས་པའི་རྫས་བརྒྱད་པོ་འདི་དག་བྱུང་བ་ཡིན།། །།