༄༅། །མི་ཆོས་ཡ་རབས་སྤྱོད་བཟང་གི་བསླབ་བྱ།
༈ གངས་ཅན་བོད་ཀྱི་ཡ་རབས་སྤྱོད་བཟང་གི་རིག་གཞུང༌དེ་བཤད་པ་ལ་གཉིས། ངོ་སྤྲོད་དང༌། ལག་ལེན་གྱི་ཚུལ་ལོ། །
དང་པོ་ལ་གསུམ།
༡༽ ཡ་རབས་སྤྱོད་བཟང་བྱས་པའི་ཕན་ཡོན་བཤད་པ།
༢༽ མ་རབས་སྤྱོད་ངན་བྱས་པའི་ཉེས་དམིགས་བཤད་པ།
༣༽ ཡ་རབས་སྤྱོད་བཟང་གི་ངོ་སྤྲོད་དངོས་བཤད་པའོ། །
གསུམ་པ་ལ་གཉིས།
༡༽ མི་ཆོས་ཡ་རབས་དང་འབྲེལ་བའི་བསླབ་བྱ་དང༌།
༢༽ དམ་པའི་ལྷ་ཆོས་དང་འབྲེལ་བའི་བསླབ་བྱའོ། །
གཉིས་པ་ལག་ལེན་གྱི་ཚུལ་ལ་གཉིས།
༡༽ ཉིན་གཅིག་གི་ནང་ཡ་རབས་སྤྱོད་བཟང་བྱེད་ཚུལ་དང༌།
༢༽ རྒྱུན་གཏན་དུ་ཡ་རབས་སྤྱོད་བཟང་བྱེད་ཚུལ་ལོ། །
དང་པོ་ལ་བདུན།
༡༽ ཞོགས་པ་ལང་དུས་སུ་ཡ་རབས་སྤྱོད་བཟང་བྱེད་ཚུལ།
༢༽བླ་མ་དཀོན་མཆོག་དང་ཕ་མ་སོགས་གོང་མ་བཀུར་ལུགས།
༣༽ གྲོགས་པོ་སོགས་རང་མཉམ་དང་འགྲོགས་ལུགས།
༤༽སྤྲང་པོ་སོགས་ཉམ་ཐག་པའི་དམན་པ་རྣམས་སྐྱོང་ལུགས།
༥༽ བཟའ་བཏུང་གི་སྐབས་ཡ་རབས་སྤྱོད་བཟང་བྱེད་ཚུལ།
༦༽ དུས་གཞན་དུ་ཡ་རབས་སྤྱོད་བཟང་བྱེད་ཚུལ།
༧༽དགོང་དྲོ་ཉལ་དུས་སུ་ཡ་རབས་སྤྱོད་བཟང་བྱེད་ཚུལ་ལོ། །
༈ ཀྭ་ཡེ་གསོན་དང་སྐལ་མཉམ་གྲོགས་བཟང་དག །རང་ཅག་བདེ་འདོད་སྡུག་བསྔལ་མི་འདོད་མཉམ། །བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་ན། །བདེ་རྒྱུ་བླང་ཞིང་སྡུག་རྒྱུ་འདོར་བ་གཅེས༑ ༑སུ་དག་ཡ་རབས་རྣམས་དང་འགྲོགས་བྱས་ན། །རང་ཉིད་ཡ་རབས་སྤྱོད་བཟང་ཅན་དུ་འགྱུར། །སུ་དག་མ་རབས་རྣམས་དང་འགྲོགས་བྱས་ན། །རང་ཉིད་མ་རབས་སྤྱོད་ངན་ཅན་དུ་འགྱུར༑ ༑དེ་ལྟ་བས་ན་བདེ་བ་འདོད་རྣམས་ཀྱིས། །རང་ཉིད་འདི་ཕྱི་དོན་ལྡན་བྱ་བའི་ཕྱིར། །ཡ་རབས་སྤྱོད་བཟང་ཡོན་ཏན་སློབ་པ་དང༌༑ ༑གྲོགས་བཟང་བསྟེན་པ་ཤིན་ཏུ་གལ་གནད་ཡིན། །ཡ་རབས་སྤྱོད་པ་བསམ་སྤྱོད་བཟང་པོ་ཡིན། །མ་རབས་སྤྱོད་པ་བསམ་སྤྱོད་ངན་པ་ཡིན། །ཡ་རབས་མ་རབས་བླང་དོར་འཛོལ་གྱུར་ན། །འདི་ཕྱི་འཕྲལ་ཕུགས་སྡུག་གིས་མནར་བར་ངེས། །ཞེས་སྙིང་དོན་མདོར་བསྡུས་པ་སྔོན་དུ་བཤད་ནས་གོང་གི་ས་བཅད་ལྟར་བཤད་པ་ལ།
དང་པོ། ཞོགས་པ་ལང་དུས་སུ་ཡ་རབས་སྤྱོད་བཟང་བྱེད་ཚུལ་ནི།
གཉིད་སད་མ་ཐག་ཉལ་ཟན་རང་དུ་རྐང་པ་སྐྱིལ་ཀྲུང་བྱས་ཏེ།
ལེགས་སྦྱར་སྐད་དུ།
Buddham Sharanam Gachami
Dhamam Sharanam Gachami
Sanggam Sharanam Gachami
བོད་སྐད་དུ།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཚིག་བཟང་པོ་ངག་ནས་འདོན་ཞིང་དོན་བཟང་པོ་ཡིད་ཀྱིས་བསམ་པར་བྱ།
༢༽ དེ་ནས་ལང་ཁར་རྐང་མཐིལ་གྱི་སྔགས།
ཨོཾ་ཁྲེ་ཙ་ར་གྷ་ན་ཧཱུྃ་ཧྲཱི་སྭཱཧཱ། ཞེས་སྔགས་བཏོན་ཏེ་རྐང་མཐིལ་དུ་མཆིལ་མ་བཏབ་ནས་ཤི་བར་འགྱུར་བའི་འབུ་སྲིན་སོགས་ལ་དམིགས་ཏེ་སྙིང་རྗེས་བདེ་འགྲོའི་གོ་འཕང་ཐོབ་པར་སྨོན། དེ་ནས་ངག་དུ་ཨ་ར་པ་ཙ་སྐྱོར་བཞིན་ཡར་བཞེངས་ཏེ་ཐོག་མར་རྟེན་གྱི་དྲུང་དུ་ལང་ཕྱག་གསུམ་ཕུལ༑ དེའི་སྐབས་ཕྱག་འཚལ་གྱི་སྔགས། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ན་མ་སཱུ་ཤྲཱི་ཡེ། ན་མ་ཨུཏམ་ཤྲཱི་ཡེ་སྭཱཧཱ། ཞེས་འདོན་བཞིན་ཕྱག་འཚལ། དེ་ནས་ཕ་མ་སོགས་ལ་གུས་ཞབས་དང་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་སམ་སྔ་དྲོ་བདེ་ལེགས་ཞེས་ཞུས་ཏེ་ཁྲུས་བྱ།
༣༽ དེ་ནས་རྟེན་གྱི་དྲུང་དུ་ཕ་མ་དང་མཉམ་དུའམ་སོ་སོ་གཅིག་པུ་སྤུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་ཐལ་སྦྱར་གྱིས་བསྡད་ནས་བསམ་བློར། དུས་ད་རིང་ནས་བཟུང་ཏེ་ཇི་སྲིད་མ་རྒན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དང༌། ཁྱད་པར་དུ་ད་ལན་གྱི་མི་ལུས་བཟང་པོ་ཐོབ་པའི་དུས་འདི་དང༌། ད་རིང་གི་ཉི་མ་འདིར་ཡ་རབས་སྤྱོད་བཟང་ལྡན་པའི་མི་བཟང་པོ་ཞིག་བདག་གིས་ངེས་པར་བྱའོ༑ ༑དེའི་ཕྱིར་བདག་གིས་སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་སྐྱབས་སེམས་ཀྱི་ཀུན་སློང་བཅོས་པའི་ཉམས་ལེན་དང༌།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་བསྐྱེད་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པའི་ཉམས་ལེན་དང༌། གང་བློ་མ་སོགས་དང༌༑ བསྔོ་བ་བཅས་ཀྱི་ཉམས་ལེན་བྱའོ་བསམས་ཏེ་དེ་བཞིན་བྱ་བའོ། །ས་བཅད་གཉིས་པ་དང། གསུམ་པ། བཞི་པ་བཅས་ནི་གཤམ་གསལ་ལས་ཤེས་པར་བྱའོ། །
མི་ཆོས་ཡ་རབས་བྱེད་ཚུལ་མདོར་ཙམ་བཤད་པ།
༈ ༡༽ ཐོག་མར་གོང་མ་བཀུར་ལུགས་ལ། མཐོ་དམན་བཟང་ངན་ཐམས་ཅད་ཀྱིས་འདི་ཕྱི་གཉིས་ཀའི་རེ་ས་བླ་མ་དཀོན་མཆོག་གསུམ་ལས་མེད་པས། སྐུ་གཟུགས་གླེགས་བམ་སཱཙྪ་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་གསར་རྙིང་བཟང་ངན་གང་ཡིན་ཀྱང་རུང་དད་པ་རྩེ་གཅིག་གིས་ཞེ་ས་བཀུར་སྟི་ཕྱག་དང་མཆོད་པ་སོགས་བྱེད་དགོས་ཏེ། གང་གིས་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་ཡོད། ཁྱད་པར་དུ་བླ་མ་སེར་མོ་བ་ཆོས་པ་རྣམས་ལ་བཟང་ངན་ལོག་ལྟ་སྐྱོན་བརྗོད་བརྙས་བཅོས་སོགས་བྱེད་མི་རུང་སྟེ། འདས་པོས་བསྔོ་བ་ཞུ་ས། གསོན་པོས་སྐྱབས་འཇུག་ཞུ་ས། ཡོད་ན་མཆོད་ས། མེད་ན་ཞུ་ས་ཡིན། མདོ་ལས་ཀྱང་། དགེ་སློང་དམན་ལ་བརྙས་པར་མི་བྱའོ། །བསྐལ་པ་གཅིག་གིས་ཐར་པ་ཐོབ་མི་འགྱུར༑ ཞེས་གསུངས་ཡོད་ལ། ཡང་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཅེས་སོགས་གསུངས་པ་ལྟར། ཡུལ་དཀོན་མཆོག་གསུམ་ལས་གཉན་པ་ཞིག་སྲིད་པ་འདི་ན་མེད། ཡར་དད་གུས་དང་ཚོགས་བསགས་རེ་བྱས་རུང༌། མར་ངན་སྨྲས་དང་གནོད་སེམས་རེ་བྱས་རུང་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཡོད་པས། ཁོང་རྣམ་པ་ཚོའི་བཟང་ངན་རང་རེ་བྱིས་པ་ཐ་མལ་པས་ཐག་བཅད་མི་ཐུབ། མདོ་ལས། ང་དང་ང་འདྲ་བས་གང་ཟག་གིས་གང་ཟག་ཚོད་བཟུང་གི། གང་ཟག་གིས་གང་ཟག་ཚོད་མི་བཟུང་ཞེས་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས། རང་གི་མཐོང་སྣང་ལ་མ་དག་པ་རེ་ཡོད་ནའང་དག་སྣང་དང་དད་གུས་བྱེད་དགོས། རང་གིས་རང་ངན་དུ་མ་འཇུག་དང༌༑ གཞན་ངན་རུང་རང་ལ་མི་གནོད། ཁྱད་པར་དེང་སང་མཐོ་དམན་སྐྱ་སེར་ཕོ་མོ་སུ་ཡིན་ཀྱང་རུང༌། གཞན་སྐྱོན་ཞིག་བཙལ་ནས་བཤད་རྒྱུ་ཨེ་རྙེད་མི་རྙེད་ལྟ་གིན་འདུག་པ་དེ་ལས་སྐྱོན་ཆེ་བ་ཞིག་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་ལ་མེད། གཞན་སྐྱོན་མ་ཡིན་རང་སྐྱོན་ཡིན། །མེ་ལོང་ངོས་ལ་གཟུགས་ཤར་འདྲ། །ཞེས་པ་ལྟར་ཡིན་པས་གཞན་སྐྱོན་ཤོད་སྐབས་མི་བསམ་ཤེས་ཤིག་ཡིན་ན། བཤད་དུས་ཉན་ཉན་འདྲ་ཡང་གཏིང་ནས་ཞེ་ཁྲེལ་སྟེ་ཡོང༌། དེས་ན༑ གཞན་སྐྱོན་མ་བརྟག་རང་གི་སྐྱོན་ལ་བརྟག །གཞན་མཚང་མ་འབྲུ་རང་གི་མཚང་ནས་བྲུས། །ཞེས་གསུངས༑
གཞན་ཡང་རྒྱལ་བློན་གཙོ་བོ་ཡུལ་མི་རྒན་རབས་ཕ་མ་སློབ་དཔོན་གྲོགས་མཆེད་ཐམས་ཅད་ལ་ཞེ་ས་བཀུར་བསྟི། སྒོ་ཕྱེ་གདན་འདིང༌། ཚུར་བསུ་ཕར་སྐྱེལ་སོགས་བྱས་ནས་དད་དད་གུས་གུས་དང༌། རང་དམའ་དམའ་ཞུམ་ཞུམ་བྱེད་དགོས། དེང་སང་རེ་འགས་ཁོང་ཚོ་མཐོན་པོ་དང་མཁས་པ་ཕྱུག་པོ་ཡིན་བསམ་ནས་མི་ཐམས་ཅད་ལ་བརྙས་བཅོས་བྱེད་ཀྱིན་འདུག་པ་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཡོན་ཏན་རྒྱུད་ལ་མེད་པའི་མངོན་རྟགས་རང་མཚང་ཕྱི་རོལ་ཏུ་ཐོན་པ་རེད། ཡོན་ཏན་མེད་པ་ང་རྒྱལ་ཆེ། །སྙེ་མ་སྟོང་པ་མགོ་འཕང་མཐོ། །ཟེར་བའི་དཔེ་ལྟར་དང༌། ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་གསུངས༑ བཙན་ཕྱུག་བཟང་གསུམ་འཛོམ་པ་ཞིག་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བས་ལྷག་པ་ཞིག་བོད་ལ་ཡོང་མ་མྱོང་ཡང༌། དེས་ཀྱང་སྤྲང་པོའི་ཚུལ་གྱི་རྣལ་འབྱོར་པ་ལ་ཕྱག་དང་བཀུར་སྟི་མཛད༑ གཞན་ལ་མི་ཆོས་གཙང་མ་བཅུ་དྲུག་གི་བཀའ་ཁྲིམས་བཅས་པ་རེད། དེས་ན་གོང་མ་རྣམས་ལ་ཁ་མིག་ཡར་ལྟ། སྔར་དཔེ་ཕྱི་འཇོག་བྱེད་དགོས་པ་ཡིན། གང་བཟང་བའི་ཡ་རབས་ཀྱི་མི་དེ་རྒྱུད་འཇམ་དུང་ངེ༌། སེམས་དྲང་ཤད་དེ། ཁོག་ཡངས་ཁྲོལ་ལེ་བ་ཞིག་ཡོང༌བ་ཡིན་ནོ། །
༢༽ ད་འོག་མ་སྐྱོང་ལུགས་ནས་བཤད་ན། རང་བས་ཞན་པ་ཁས་དམན་ཉམ་ཆུང་རྒྱུ་མེད་སྤྲང་པོ་ནད་པ་ཉམ་ཐག་རྣམས་ལ་བརྙས་བཅོས་དམན་སྡང་ཐུབ་ཚོད་མི་བྱེད་པར་གཏམ་དང་ཟས་གོས་སོགས་ཀྱིས་ཕན་ཅི་ཐོགས་བྱ། གལ་སྲིད་ཕན་མ་ཐོགས་ནའང་ཁ་འཇམ་ཁོག་དྲང་རེ་བྱེད་དགོས། ཁས་དམན་ཐོག་ཏུ་དབང་ཤེད་བསྡིགས་ར་རྡུང་རྡེག་བྱེད་ནས་མི་དཔའ་བོ་ཡིན་མདོག་བྱེད་པ་དེ་ནི། ལག་པའི་ཐོག་ལ་གྲི་ངན་རྣོ། །སྤྲང་པོའི་ཐོག་ལ་ཁྱི་ངན་བཙན། །ཉམ་ཆུང་ཐོག་ལ་མི་ངན་སྡང༌། །ཟེར་བ་ལྟར་རེད༑ མཐོ་འདོད་ན་དམན་ས་འཛིན་དགོས། རྒྱལ་འདོད་ན་ཕམ་ཁ་ལེན་དགོས། ཟེར་བ་ལྟར་བྱེད་དགོས། མཐོ་དམན་བཟང་ངན་གང་མཐོང་ཡང༌། སྐྱིད་སྡུག་ལེགས་ཉེས་རང་ལའང་ཡོང་བས། ཧ་ཅང་མཐོ་དགའ་ཅན་དང༌། དམའ་སྡང་ཅན་དེ་བྱེད་མི་རུང༌། མཐོ་དམན་སྐྱིད་སྡུག་ཕྱུག་དབུལ་ཐམས་ཅད་མི་ཚེ་གཅིག་ལ་རྟག་ཐུབ་པའང་དཀོན་ཏེ། མཐུན་པ་ཡུན་དུ་འགྲིགས་པ་དཀོན། །ཕྱུག་པོ་ཚེ་གཅིག་སྐྱིད་པ་དཀོན། །མཁས་པ་ཉེས་མ་མྱོང་བ་དཀོན། །ཞེས་པ་ལྟར་ཡིན་ནོ། །
༣༽ ད་མཉམ་པོར་འགྲོགས་ལུགས་ནས་བཤད་ན། གཉེན་ཉེ་འབྲེལ། གྲོགས་དགའ་མཐུན། ཡུལ་མི་ཁྱིམ་མཚེས་སུ་ལའང༌། བརྐུ་རྫུན་གཡོ་སྒྱུ་དབྱེན་དཀྲུག་ཁྲེལ་མེད་བློ་མེད་ལྐོག་ལབ་འཕྱ་སྨོད་སོགས་མི་བྱ་བར་ཀུན་ལ་ཕན་གང་ཐོགས་དང༌། བྱ་སྤྱོད་ཅུང་ཟད་རེ་ལ་དགའ་སྡུག་སྐྱེན་པོ་མི་བྱེད་པར་སྐྱིད་ཐེག་སྡུག་ཐེག བཟང་ཤོང་ངན་ཤོང༌། སེམས་ལ་གང་དྲན་གྱི་བྱ་བྱེད་མི་མང་བར་བློ་སྣ་གཅིག་གི་ཐོག་ཏུ་བརྟན་པོར་འདུག་དགོས། སུ་ལའང་ཁྲེལ་དང་ངོ་ཚ་མི་འབོར་བར་བསམ་བཟང་གྲོས་མཐུན་ངང་དུ་གནས་དགོས། རང་ས་མི་ལ་བཞག མི་ས་རང་ལ་བཞག་ནས་དཔྱད་པ་བྱེད་རྒྱུ་འདི་གལ་ཆེ།
ལར་སུ་ཡིན་ཀྱང་རང་སྐྱོན་འདི་གོ་དགོས། གཞན་སྐྱོན་འཚོལ་བའི་ཐུར་མ་རྣོ་རུང༌། རང་སྐྱོན་བལྟ་བའི་མེ་ལོང་ཡོད་པ་ཤིན་ཏུ་དཀོན། རང་གིས་རང་མ་བརྟག་ན་གཞན་ནས་རང་སྐྱོན་ཤོད་མཁན་མི་འོང༌། ཚུར་ངོ་གདོང་མཐོང་དུས་ངོ་བསྟོད་བཤད་རུང༌༑ རྒྱབ་ཕར་ཕྱོགས་དུས་ལྐོག་ལབ་བྱེད། གལ་ཏེ་མི་བསམ་བཟང་ཞིག་གིས་སྐྱོན་དངོས་སུ་བཏོན་ཏེ་བཤད་བྱུང་ཡང་དེ་ལ་ཉན་རྒྱུ་ཕར་ཞོག མི་གནོང་ཅན་ཁྲོ། རྟ་རྒྱབ་ཆད་འཕག ཟེར་བ་ལྟར་འཁོན་དུ་འཛིན་ཡོང༌། དེང་སང་མི་ཀུན་གྱིས་རང་ཉིད་བཟང་པོ་ཞིག་ལ་ཆ་འཇོག་པ་རེད་དེ། བཟང་ངན་མཁས་པའི་གཞུང་ལུགས་ལ་བལྟས་ནས། རང་གི་གཤིས་ཀ་འདི་ལ་རང་གིས་བརྟགས་ཤིང་རང་རྒྱུད་འདི་རང་གིས་བཅོས་པ་ཤིན་ཏུ་གལ་ཆེའོ། །
ལྔ་པ། བཟའ་བཏུང་གི་སྐབས་ཡ་རབས་སྤྱོད་བཟང་བྱེད་ཚུལ།
དེ་ནས་གསོལ་ཇ་དང་གསོལ་ཚིགས་བཞེས་སྐབས་ཕ་མ་དང་བུ་ཕྲུག་རྒན་གཞོན་གོ་རིམ་དུ་བཞུགས་ཏེ་ཕྱག་ཐལ་མོ་སྦྱོར་བཞིན་མཆོད་པ་འབུལ་བ་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་ཇ་སོགས་བཞེས།
ཇ་མཆོད་ནི།
༡༽ ༈ ཨོཾ་ཨཱཱཿཧཱུཾ། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ༑ ༑གཽ་ཏམ་དེ་ལ་མཆོད་པ་འབུལ། །ཞེས་དང༌།
༢༽ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་མཆོད་པ་འབུལ༑ ༑ཞེས་དང༌།
༣༽ བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ༑ ༑དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང༌། །དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་དང༌། །དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག །ཅེས་དང།
ཟས་མཆོད་ནི།
༈ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། ། སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །ཞེས་མཆོད་འབུལ་ཉམས་ལེན་བྱའོ། །
དྲུག་པ། དུས་གཞན་དུ་དྲན་ཤེས་བརྟེན་ཏེ་གོང་དུ་བཤད་པ་ལྟར་ཡ་རབས་སྤྱོད་བཟང་བྱ་བའོ། །
བདུན་པ། དགོང་དྲོ་ཉལ་དུས་སུ་ཡ་རབས་སྤྱོད་བཟང་བྱེད་ཚུལ་ནི།
༡༽ ཉལ་ཁར་ཁ་དང་རྐང་ལག་སོགས་བཀྲུས་རྗེས་རྟེན་གྱི་དྲུང་དུ་བསྡད་ནས་བསམ་བློར། ཡ་རབས་སྤྱོད་བཟང་ལྡན་པའི་བོད་མི་བཟང་པོ་ཞིག་བྱ། དེའི་ཕྱིར་ད་ལྟ་སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་སྐྱབས་སེམས་སོགས་ཀྱི་ཉམས་ལེན་བྱ་བསམས་ཏེ། ཐོག་མར་སྐྱབས་སེམས་དང་དེ་ནས་ཡར་ལངས་ཏེ་ཉལ་ཕྱག་གསུམ་ཕུལ། དེ་ནས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་སྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས་པ་ལྟར། ཐུབ་ན་ཡན་ལག་བདུན་གའི་ཉམས་ལེན་དང་མ་ཐུབ་ན་མ་མཐར།
༡༽ ཕྱག་འཚལ་བ་དང༌། ༢༽ སྡིག་པ་བཤགས་པ་དང༌། ༣༽ རྗེས་སུ་ཡི་རང་དང༌། ༤༽ བསྔོ་བ་བཅས་བཞི་པོ་དེ་ངེས་པར་བྱེད་དགོས།
བྱེད་ཚུལ་ནི། གོང་གསལ་ལྟར། ཨོཾ་ན་མོ་ཞེས་སོགས་སམ། བླ་མ་ལ་ཕྱག་འཚལ་ལོ་ཞེས་སོགས་ངག་ནས་འདོན་བཞིན་ཕྱག་གང་ཐུབ་འཚལ༑ དེ་ནས་སྤུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་ཐལ་སྦྱར་གྱིས་སྔར་བྱས་སྡིག་པ་ལ་འགྱོད་སེམས་དང་ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དང་འབྲེལ་བཤགས་པ་བྱ། དེ་ནས་རང་གཞན་གྱི་དགེ་བ་ལ་ང་རྒྱལ་དང་ཕྲག་དོག་མེད་པར་རྗེས་སུ་ཡི་རང་དང་མཐར་བསྔོ་སྨོན་ལེགས་པར་བྱ།
༢༽ དེ་ནས་ཉལ་ཆས་ནང་དུ་ཞུགས་ཏེ་རྐང་པ་སྐྱིལ་ཀྲུང་དང་ལག་ཐལ་སྦྱོར་གྱིས་སྙིང་གར་པད་ཟླའི་སྟེང་དུ་བླ་མ་ཐུབ་པའི་དབང་པོ་བསྒོམས་ཏེ་ངག་ཏུ།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པད་ཟླའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ༑ ༑སྐུ་གསུང་ཐུགསཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བཏོན་ཅིང་བསམ། དེ་ནས་སེང་གེ་ཉལ་སྟངས་ལྟར་ཉལ་ཏེ་སེམས་ལ་བྱམས་སྙིང་རྗེ་སོགས་དྲན་ཞིང་ངག་ཏུ་མ་ཎི་སོགས་འདོན་བཞིན་ཉལ། བསམ་བློའི་ཟུར་ཞིག་ནས་སང་ཉིན་སྔ་བར་ལངས་ཏེ་ཡ་རབས་སྤྱོད་བཟང་གི་ཉམས་ལེན་རྣམ་དག་ཅིག་བྱ་སྙམ་པ་ཡང་བསམ་དགོས་སོ། །
ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་བསྐུལ་ངོར་དགེ་བཤེས་བློ་བཟང་ཟླ་བ་ནས་ ༢༠༠༧།༡༡།༡ ལྷ་བབ་དུས་ཆེན་ཉིན་འགྲེམས་སྤེལ་དང་སློབ་ཁྲིད་བྱས་པ་དགེ་ལེགས་འཕེལ།།།