logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

བོད་ཀྱི་ལོ་གསར།

༄༅། །ལོ་གསར་ནི་སྤྱིར་བཏང་མི་རིགས་ཐམས་ཅད་ཀྱི་དགའ་བའི་དུས་སྟོན་གལ་ཆེ་ཞིག་ཡིན། དུས་ཚོད་སྔ་ཕྱི་བརྩི་ཚུལ་མི་འདྲ་བའི་ཁྱད་པར་ཕྲག་བུ་རེ་ཡོད་ནའང་རྩ་བའི་ལོ་གཅིག་གི་དུས་ཚོད་རིང་ཐུང་ལ་ཁྱད་པར་མེད།

རང་ཅག་བོད་ཀྱི་ལོ་གསར་ནི། ཞིང་པ་ཚོས་སོ་ནམ་དང་སྟབས་བསྟུན་གྱིས་བོད་ཟླ་བཅུ་གཉིས་པའི་ནང་དུ་གཏོང་སྲོལ་ཙམ་ལས་ཡོངས་གྲགས་ནི། ཉི་ཟླ་གཟའ་སྐར་རྒྱུ་ཕྱོགས་དང༌། རྩི་ཤིང་གསར་དུ་ཁ་འབུས་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས། དཔྱིད་ཟླ་ར་བའམ་བོད་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་ངོས་འཛིན་བྱེད་སྲོལ་བྱུང་ བ་ཡིན།

དེར་བརྟེན་སྔོན་ཚུད་ནས་ལོ་གསར་གྱི་ཆེད་དུ་ཁང་པར་ཚོན་རྩི་གཏོང་བ་དང༌། ནང་མི་རྣམས་ལ་གྱོན་གོས་གསར་བ་དང༌། ཁ་ཟས་བཟོ་བ་སོགས་གོ་སྒྲིག་དང་བཅས། བོད་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན། སྔ་དྲོར་གྲིབ་དང་མི་གཙང་བ་ཐམས་ཅད་བྱབས་པའི་མོས་པ་དང་བཅས་ཁྱིམ་གྱི་ཕྱི་ནང་སྟེང་འོག་བར་གསུམ་གད་ཕྱིས་གཙང་ཞིང་ཡིད་དུ་འོང་བ་བྱས། ས་གནས་ཁ་ཤས་སུ་དགུ་གཏོར་དང་དགུ་འཆམ་མཇལ་རྒྱུ་ཡོད། དགོང་དྲོར་དགུ་ཐུག་ཅེས་གྲོ་དང་འབྲས། འབྲུ་དང་སྲན་མ། ཤ་དང་ཚལ་སོགས་ཟས་སྣ་མང་པོ་འཛོམས་པ། བག་རིལ་ནང་རྡོ་དཀར་དང༌། སོལ་བ་སོགས་བཟང་ངན་གྱི་རྟགས་སྣ་ཚོགས་སྦས་པའི་བག་ཐུག་བསྐོལ་ནས་ནང་མི་རྣམས་ཐུག་གྲལ་དུ་འཁོད།

བཞེས་ཐུག་བཞེས་སྐབས་བག་རིལ་ནང་བཅུག་པའི་རྡོ་དཀར་བྱུང་ན་སེམས་པ་དཀར་པོ་དང༌། སོལ་བ་བྱུང་ན་སེམས་ནག་པོ་མཚོན་པའི་རྟགས་ཡིན་ལུགས་སོགས་རྩེད་མོའི་སྐད་ཆ་དང༌། གད་མོ་ཁ་མཚར་བྱེད། མཇུག་ཏུ་ཐུག་ལྷག་དང་མཉམ་དུ་གད་སྙིགས། གླུད་བཅས་ལམ་གྱི་བཞི་མདོར་བརྫངས་ཤིང༌། ཤེར་སྙིང་ཟློག་སྒྱུར་གྱིས་བཀྲ་མི་ཤིས་པ་རྣམས་ཞི་བའི་ཐབས་བྱེད།

བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ལ་གནམ་གང་ཟེར་བ་ཡིན། དེ་ཉིན་མཆོད་ཁང་གི་རྟེན་གྱི་དྲུང་དུ་ཀུན་བཟང་མཆོད་སྤྲིན་དང༌། ཁ་ཟས། ཕྱེ་མར། ཆང་ཕུད། ལྗང་ཕུད། ལུག་མགོ །གཞན་ཡང་སྡེར་རྫས་ཇ། མར། འབྲུ་སྣ། ཤིང་ཏོག །མངར་ཆ་སོགས་ཀྱི་ཕུད་རྣམས་སྡེར་ཁ་སྒྲིག །དེ་བཞིན་དུ་སྡོད་ཤག་ཏུ་གདན་ལྕོག་དང༌། ཐབ་ཚང་ནང་དུའང་སྡེར་ཁ་སྟབས་བདེ་རེ་སྒྲིག །ཐབ་ཚང་གི་རྩིག་ངོས་སུ་ཕྱེ་ཞིབ་ཀྱིས་བཀྲ་ཤིས་རྟགས་བརྒྱད་དང༌། འདོད་ཡོན་སྣ་ལྔ་སོགས་ཀྱི་རི་མོ་དཀར་ཐིག་བཀོད།

བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཞོགས་པ་རྣམ་ཀུན་ལས་སྔ་བ་ལངས་ཏེ་ཁྲུས་ཀྱི་བྱ་བ་ཚར་ནས་རྒྱན་གོས་གཟབ་མཆོར་གྱོན། རྟེན་འབྲེལ་གྱི་ཆེད་དུ་ཆུ་ཕུད་བླངས། རྟེན་འབྲེལ་གྱི་འབེལ་གཏམ་སྨྲ་བའི་འབྲས་དཀར་བ་བཟའ་བཏུང་གིས་ཚིམ་པར་བྱེད། ཕ་མས་གཙོས་པའི་ནང་མི་ཡོངས་རྫོགས་བཞུགས་གྲལ་དུ་འཁོད་དེ་གྲོ་སོ་ཕྱེ་མར་དང༌། ཆང་ཕུད་སོགས་ཕུད་གཏོར་དང་བཅས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཀོན་མཆོག་ལ་སྨོན་འདེབས་བྱེད། གསོལ་ཇ་བསྲུབས་མ་དང༌། གྲོ་མ་འབྲས་བསིལ། ཆང་སྐོལ། གྲོ་ཐུག །གསོལ་ཚིགས་སོགས་རོ་བརྒྱའི་བཅུད་དང་ལྡན་པའི་བཟའ་བཏུང་གི་རིགས་སྣ་ཚོགས་ལ་ལོངས་སུ་སྤྱོད། གྲོང་པ་ཁྱིམ་མཚེས་དང༌། མགྲོན་པོ་སོགས་ལའང་ཕྱེ་མར་དང༌། ཆང་ཕུད་བཏེགས་ཏེ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨེ་མ་བག་དྲོ་སྐུ་ཁམས་བཟང༌། གཏན་དུ་བདེ་བ་ཐོབ་པར་ཤོག །དུས་སང་དུས་ཀྱི་ད་ཚོད་ལ་ཞལ་ཁྲ་རུག་རུག་ཡོང་བ་ཤོག །ཅེས་བརྗོད་དེ་བཀྲ་ཤིས་པའི་རྟེན་འབྲེལ་དང༌། ཇ་ཆང་འདྲེན། རྩེ་མོའི་རིགས་སྣ་ཚོགས་དང༌། རྐང་བྲོ་གླུ་གཞས། སྒྲ་སྙན། པི་ཝང༌། གླིང་བུ་སོགས་བཏང་སྟེ་དགའ་སྐྱིད་བྱ་བ་ལ་འཇུག་ཅིང༌། གཞན་ཡང་མཐུན་པའི་གཉེན་དང༌། དགའ་བའི་གྲོགས་རྣམས་ལ་གསོལ་སྟོན་འབུལ་བ་དང༌། སྐུ་སྐལ་འབུལ་བ་སོགས་མདོར་ན་ཚེས་གཅིག་ནས་གསུམ་མམ་བདུན་གྱི་བར་དུ་སྤྲོ་སྐྱིད་འཚོ་བར་ལོངས་སུ་སྤྱོད་པའི་ལོ་གསར་གཏོང་ཚུལ་སྤྱི་བཤད་ཙམ་དང༌། བྱེ་བྲག་དཔལ་འབྱོར་བཟང་ཞན་དང༌། ལུང་ཚན་སོ་སོའི་ལུགས་སྲོལ་གོམས་གཤིས་འདྲ་མིན་དབང་གིས་ཁྱད་པར་ཕྲན་བུ་རེ་ཡོད།

བོད་ཚེས་གསུམ་ཉིན་སྔ་དྲོར་ཚེ་བསོད་དབང་ཀླུང་ཀུན་ཏུ་དར་བའི་དར་ལྕོག་སྒྲེང་འཛུགས་ཀྱིས་ལྷ་སྲུང་གཞི་བདག་བཀའ་གཉན་རྣམས་ལ་གཏང་རག་མཆོད་གཏོར་སྐང་འཕྲིན་གསེར་སྐྱེམ་དང༌། མཇུག་ཏུ་བསངས་གསོལ་དང་འབྲེལ་བའི་ཀི་སྭ་ལྷ་རྒྱལ་འུར་སྒྲས་ཁེངས་པ་བྱེད་སྲོལ་ཡོད།། །།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on