འཁྲུངས་སྐར་དུས་ཆེན།
རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཟླ་ ༥ པའི་ཚེས་ ༥ སྟེ་ཕྱི་ལོ་༡༩༣༥ ཟླ་ ༦ ཚེས་༧ ཉིན་ནི། བདག་ཅག་རྣམས་ལ་ཤིན་ཏུ་བཀའ་དྲིན་ཆེ་བ། འདི་ཕྱི་གཉིས་ཀྱི་སྐྱབས་མགོན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད། ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཚེས་ཁྱད་འཕགས་ཅན་ཞིག་ཡིན།
རྗེས་སུ་དགོས་དབང་མང་པོ་ཞིག་ལ་གཟིགས་ཏེ། ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ལ་འཁྲུངས་སྐར་དུས་ཆེན་གཏན་འབེབས་མཛད་པ་ཡིན།
ཉིན་དེར་རྩེ་ཕོ་བྲང་དང༌། ནོར་གླིང་ཕོ་བྲང་སོ་སོར་མཛོད་ཆུང་ནས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གྲ་སྒྲིགཆ་ཚང་ཞུ་མུས་ལྟར། བརྒྱགས་བརྔན་ལྷ་བསང་དང༌། འཁྲུངས་ལྷའི་གསོལ་མཆོད། སྐུའི་ཁམས་དང་མཐུན་པའི་དབུ་ལྕོག་གསར་དུ་སྒྲོན་འཛུགས་གནང་གི་ཡོད། ཡབ་གཞིས་སྐུ་འཁོར་རྣམས་ནས་སྔ་དྲོ་གཟིམ་ཆུང་དུ་ནང་མའི་རྟེན་གསུམ་ལ་མཇལ་དར་ཕུལ། དྲུང་བཞེས་ཚུགས། གསོལ་ཇ་བཞེས་འབྲས་ཕེབས། བཀའ་ཤག་དང༌། རྩེ་མགྲོན་ཡན་ནས་རྒྱུན་ཆས་ཁ་གསར་ཐོག་རྩེ་ཕོ་བྲང་གི་གཟིམ་ཆུང་དགའ་ལྡན་ཡང་རྩེ་དང༌། ནོར་གླིང་དུ་བཞུགས་སྐབས་མཚོ་དཀྱིལ་ལྷུན་གྲུབ་དགའ་ཚལ་དུ་བདེ་སྟན་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོ་བཞུགས་འཁོད་ཀྱི་སྐུའི་ཡོངས་འཛིན་རྣམ་གཉིས་ནས་སྐུའི་ཚེ་རྫས་འབུལ་གནང་ལ་དབུ་གཏུགས་དང༌། ཕྱག་སྲུང་གནང༌། མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལ་དར་དང༌། རྩེ་ཕྱག་ནས་ནམ་རྒྱུ་སྤུ་ཕྲུག་བཅས་འབུལ་གནང་མཛད་དེ་བཞུགས་གདན་ལ་འཁོད། བཀའ་བློན་རྣམ་པས་མཚོན་ནང་མ་ཡན་གྱི་གཞུང་ཞབས་རྣམས་ནས་རྒྱུན་ཆས་ཁ་གསར་ཐོག་ནས་གོ་བབས་ཀྱི་མཇལ་དར་དཀར་གཙང་རེ་ཕུལ་ཏེ་མཇལ་ཁ་ཞུས། ྋགོང་ས་མཆོག་ནས་མཇལ་བཅར་བ་སེར་མོ་བ་རྣམས་ལ་ཕྱག་སྲུང་དམར་པོ་དང་སྐྱ་བོ་རྣམས་ལ་ཕྱགསྲུང་སྔོན་པོ་སྩལ་ཏེ་མཚོ་དཀྱིལ་ཕོ་བྲང་ལ་ཞབས་བསྐོར་དང་འབྲེལ་ཉི་འོད་དུ་ཕེབས། གསོལ་ཇ་གཉིས་པ་ཕེབས་ཏེ་དྲུང་བཞེས་གྲོལ། ཡབ་གཞིས་སྐུ་འཁོར་རྣམས་ནས་ནོར་གླིང་མགོན་པོ་ཁང་དུ་གནས་གཟིགས་དང་བསྐང་གསོ་འཕར་མའི་འཕྲིན་བཅོལ་ཕུལ་ཏེ་ནོར་གླིང་ནས་ཆིབས་ཧྲག་དང་བཅས་རྒྱལ་ས་ལྷ་སའི་ཤར་ཕྱོགས་རྒྱང་ཐག་མལ་ལེ་གཉིས་ཙམ་ན་ཡོད་པའི་འཁྲུངས་ལྷའི་རྟེན་ཁང་དུ་ཕེབས་ཏེ་འཁྲུངས་ལྷའི་གསོལ་མཆོད་གཟབ་རྒྱས་ཚུགས་ཐོགདབུ་ལྕོག་གསར་སྒྲོན་དང་འབྲེལ་ལྷ་རྟེན་རྣམས་ལ་ྋགོང་ས་མཆོག་གིས་ཐུགས་སྨོན་སྙན་དར་དང༌། ྋརྒྱལ་བའི་ཡབ་ཡུམ་སྐུ་འཁོར་དང་བཅས་པས་སྙན་དར་འབུལ་གནང་མཛད་དེ་དེ་གའི་སྐྱེད་ཚལ་དུ་ཕེབས། རྩེ་ཕྱག་ལས་ཁུངས་ནས་ཡབ་གཞིས་སྐུ་འཁོར་རྣམས་ལ་བོད་གཞུང་གིས་གསོལ་ཚིགས་གཟབ་རྒྱས་ཉིན་གཉིས་ཕུལ། ཡབ་གཞིས་ནས་ཀྱང་བཀའ་ཤག་གིས་དབུས་པའི་གཞུང་ཞབས་སེར་སྐྱ་ལས་ཚན་ཡན་ཚང་མར་གསོལ་མགྲོན་ཉིན་གཉིས་གནང་གི་ཡོད་པ་བཞིན་སྐུ་མགྲོན་རྣམས་གསོལ་མགྲོན་ལ་འབྱོར་འཕྲལ་ྋརྒྱལ་བའི་ཡབ་ཡུམ་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་ཞུ་བ་དང་ཆབས་ཅིག་མཇལ་དེར་དཀར་གཙང་རེ་དང་འཁྲུངས་ལྷའི་སྣང་བརྙན་རྣམས་ལ་སྙན་དར་འཕྲིན་བཅོལ་ཞུ་སྲོལ་ཡོད། དེ་མཚུངས་འདི་ག་བཙན་བྱོལ་ནང་དུའང་ཉིན་དེར་ཕྱོགས་གང་སར་གནས་པའི་རང་རིགས་རྣམས་ནས་འཁྲུངསསྐར་དུས་ཆེན་གཟབ་རྒྱས་གཏོང་མུས་ཡིན་པ་མ་ཟད། རྒྱ་ནག་གི་བཙན་འོག་གནས་པའི་གཞིས་ལུས་བོད་མི་རྣམས་ནས་ཀྱང་རྒྱ་གཞུང་གིས་བཀག་རྒྱ་བྱེད་མིན་ལ་མ་ལྟོས་པར་ཉིན་དེར་བསང་གསོལ་དང་རི་མགོར་དར་བཙུགས་པ་སོགས། ྋགོངས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་རྩི་གཟབ་རྒྱས་ཞུ་མུས་ཡིན་ལ་དམིགས་བསལ་ལྷ་ས་གྲོང་ཁྱེར་དུ་གནས་པའི་རང་རིགས་རྣམས་ནས་གོང་གསལ་ལྟར་གནང་མུས་ ཀྱི་སྟེང་སྐུའི་འཁྲུངས་སྐར་སྲུང་རྩི་གཟབ་རྒྱས་སླད་རྩམ་པ་གཤོ་རེས་ཧ་ཅང་རྒྱ་ཆེན་པོ་གནང་གི་ཡོད་པ་དེ་དག་ལ་རྒྱ་གཞུང་ནས་དོ་དམ་བཀག་འགོག་ནན་པོ་བྱས་དང་བྱེད་བཞིན་ཡོད། འདི་ག་བཞུགས་སྒར་ངྷ་རམ་ས་ལར། ཡབ་གཞིས་སྐུ་འཁོར་དང༌། བཀའ་ཤག་སོགས་མཛད་གཙོ་རྣམས་ཕོ་བྲང་དུ་འཁྲུངས་སྐར་རྟེན་འབྲེལ་གྱི་མཛད་བཅར་ཞུས་གནང་གི་ཡོད་ལ། གཞུང་ཞབས་ལས་བྱེད་རྣམས་དང་རྒྱ་ཆེའི་མི་མང་རྣམས་ལྷན་འཛོམས་ཀྱིས་ཉིན་དེའི་ཞོགས་པར་ལྷ་རྒྱལ་རིར་དབུ་ལྕོག་གསར་དུ་སྒྲོན་པ་དང༌། ལྷ་བསང་དང་ལྷ་གསོལ་གཟབ་རྒྱསཞུས་རྗེས་གཙུག་ལག་ཁང་གི་ཐང་ཆེན་སྟེང་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་བཀའ་ཤག་དང་སྤྱི་འཐུས་ནས་དམིགས་བསལ་གསུང་བཤད་དང༌། རྐང་བྲོ་གླུ་གཞས་སོགས་དགའ་སྟོན་ལ་རོལ་ཏེ་རྟེན་འབྲེལ་གྱི་མཛད་བཅར་ཞུས་གནང་གི་ཡོད་པ་བཅས་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་གཟབ་ཅིང་རྒྱས་པ་སྲུང་རྩི་ཞུ་བཞིན་ཡོད། །