༄༅། །ནང་པ་སངས་རྒྱས་པའི་བདེན་གཉིས་ངོ་སྤྲོད།
༈ ནང་པ་སངས་རྒྱས་པའི་ཆོས་ཀུན། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་སུ་འདུས་པ་ཡིན། འདིར་བདེན་པ་གཉིས་བཤད་པ་ལ་བཞི། བདེན་གཉིས་ཀྱི་ཁུངས་དང༌། བདེན་གཉིས་ཤེས་པའི་ཕན་ཡོན། བདེན་གཉིས་མ་ཤེས་པའི་ཉེས་དམིགས། བདེན་པ་གཉིས་ཀྱི་དོན་བཤད་པ་དངོས་སོ། །
དང་པོ་ནི། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ༑ ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །ཞེས་པ་ལྟར་རོ། །
གཉིས་པ་ནི། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང༌། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་དང༌༑ དབུ་མ་འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས༑ ༑མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས༑ ༑རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ། ཞེས་པ་ལྟར་རོ། །
གསུམ་པ་ནི། མདོ་ལས། འཇིག་རྟེན་འདི་ན་ཕལ་ཆེར་ཡོད་པ་ཉིད་དང༌། མེད་པ་ཉིད་ལ་མངོན་པར་ཞེན་ཏེ། འདིའི་དབང་གིས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་མྱ་ངན་སོགས་མྱོང་བར་འགྱུར་རོ། །ཞེས་དང༌། རྩ་ཤེས་ལས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་མཐོང༌། །ཞེས་སོ། །
བཞི་པ་བདེན་གཉིས་བཤད་པ་དངོས་ལ་ལྔ།
༡༽ བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས།
༢༽ རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་བདེན་གཉིས།
༣༽ སེམས་ཙམ་པའི་བདེན་གཉིས།
༤༽ དབུ་མ་རང་རྒྱུད་པའི་བདེན་གཉིས།
༥༽ དབུ་མ་ཐལ་འགྱུར་བའི་བདེན་གཉིས་བཤད་པའོ། །
༡༽ བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པ།
དང་པོ་ལ་གསུམ། བདེན་གཉིས་ཀྱི་ཁུངས་དང༌། བདེན་གཉིས་ཀྱི་སྒྲ་བཤད། བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བའོ། །
དང་པོ་ནི། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན༑ ༑བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །
གཉིས་པ་ལ་གཉིས། ཀུན་རྫོབ་བདེན་པའི་སྒྲ་བཤད་ནི། བུམ་པ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་དེ། ཁྱོད་ཀྱི་གཟུགས་སོགས་ཀྱི་རྫས་རྣམས་ཕན་ཚུན་བརྟེན་པ་ན་བུམ་པ་ཡོད་དོ་ཞེས་བརྗོད་པ་ནི་བདེན་པར་སྨྲས་པ་ཡིན་གྱི་བརྫུན་པ་ནི་མ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། བདེན་པའི་སྒྲ་དེ་མཆིམས་མཛོད་ལས། བདེན་དང་ལེགས་དང་ཡོད་པ་དང༌། །བསྔགས་པ་མཆོད་ཡོད་རྣམས་ལས་ཏེ། །ཞེས་བཤད་པ་ལྟར་འཇུག་ས་དུ་མ་ཡོད་པ་ལས་སྐབས་འདིར་བདེན་རྫུན་གཉིས་ཀྱི་བདེན་པའམ་ཡོད་པ་ལ་གོ་དགོས་པར་གསུངས། དོན་དམ་བདེན་པའི་སྒྲ་བཤད་ནི། གཟུགས་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་དེ། བཅོམ་པ་དང་བློས་ཆ་ཤས་སོ་སོར་བསལ་ཡང་ཁྱོད་གཟུགས་སུ་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། འདིར་དོན་དམ་ཞེས་པ་ཆ་ཤས་ལ་མི་ལྟོས་པར་འཛིན་ཐུབ་པ་ལ་བྱེད་ཅིང་བདེན་པ་ཞེས་པ་རིགས་པས་འཇལ་བ་སོགས་ལ་བྱེད་དོ། །
གསུམ་པ་ནི། བཅོམ་པའམ་བློས་ཆ་ཤས་གཞན་བསལ་བ་ན་རང་འཛིན་གྱི་བློ་མི་འཇུག་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། དབྱིབས་ཀྱི་ཀུན་རྫོབ་སྟེ་བུམ་པ་ལྟ་བུ་དང༌། ཚོགས་པའི་ཀུན་རྫོབ་སྟེ་ཆུ་ལྟ་བུ་གཉིས་སོ། །བཅོམ་པའམ་བློས་ཆ་ཤས་གཞན་བསལ་བ་ན་རང་འཛིན་གྱི་བློ་འཇུག་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན་གཉིས། དེར་གྱུར་པའི་འདུས་བྱས་ཏེ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་ལྟ་བུ། དེར་གྱུར་པའི་འདུས་མ་བྱས་ནི། ནམ་མཁའ་དང་སོ་སོར་བརྟགས་འགོག་དང་སོ་སོར་བརྟགས་མིན་གྱི་འགོག་པ་ལྟ་བུའོ། །
༢༽ རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས་ལ་གསུམ། བདེན་གཉིས་ཀྱི་ཁུངས། བདེན་གཉིས་ཀྱི་སྒྲ་བཤད༑ བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བའོ། །
དང་པོ་ནི། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌༑ ༑དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་སོ། །
གཉིས་པ་ལ་གཉིས། ཀུན་རྫོབ་བདེན་པའི་སྒྲ་བཤད་ནི། ཤིང་གི་དོན་སྤྱི་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་དེ། བློ་ཀུན་རྫོབ་པའི་སྣང་ངོར་བདེན་པས་ན་དེ་ལྟར་བརྗོད་པའི་ཕྱིར། འདིར་བློ་ཀུན་རྫོབ་ནི་རང་བཞིན་འདྲེས་པར་སྣང་བའི་རྟོག་པ་ལ་བྱེད་དོ། །དོན་དམ་བདེན་པའི་སྒྲ་བཤད་ནི། ཤིང་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་དེ། བློ་དོན་དམ་པའི་སྣང་ངོར་བདེན་པས་ན་དེ་ལྟར་བརྗོད་པའི་ཕྱིར། འདིར་བློ་དོན་དམ་ཞེས་པ་རང་མཚན་ལ་མ་འཁྲུལ་བའི་མངོན་སུམ་ལ་བྱེད་དོ། །
གསུམ་པ་ནི། རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། དཔེར་ན། ཤིང་གི་དོན་སྤྱི་ལྟ་བུ། དེ་དང་རྟག་པ། བརྫུན་པར་གྲུབ་པ་རྣམས་དོན་གཅིག་གོ ༑རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དཔེར་ན། ཤིང་ལྟ་བུ། དེ་དང་མི་རྟག་པ། བདེན་པར་གྲུབ་པ་རྣམས་དོན་གཅིག་གོ ༑གཞན་ཡང་རྣམ་འགྲེལ་ལས། དོན་བྱེད་ནུས་དང་མི་ནུས་ཕྱིར༑ ༑ཞེས་སོགས་ལྟར། ལུགས་འདིར་འདི་ལྟར་བཤད་དེ། རང་མཚན་ཆོས་ཅན། དོན་དམ་པར་ཡོད་དེ། རང་འབྲས་སྐྱེས་པའི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་དང༌། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་མི་འདྲ་བ་སྟེ་ཐུན་མོང་མིན་པར་སྣང་བའི་ཕྱིར་དང༌། རྗོད་བྱེད་ཀྱི་སྒྲའི་བདག་རྐྱེན་ཙམ་ལས་རང་གི་ངོ་བོ་རྫོགས་པར་བློ་ཡུལ་དུ་འཆར་མི་ནུས་པའི་ཆོས་ཡིན་པའི་ཕྱིར་དང༌། རང་ལས་གཞན་པའི་དབང་པོ་དང་ཡིད་བྱེད་སོགས་རྒྱུ་མཚན་གཞན་ཡོད་ཀྱང་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མེད་ན་རང་རྟོགས་པའི་བློ་སྐྱེ་བ་མེད་པའི་ཆོས་ཡིན་པའི་ཕྱིར་རོ། །ཞེས་དང༌༑
ཡང་སྤྱི་མཚན་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། རང་འབྲས་བསྐྱེད་པའི་དོན་བྱེད་མི་ནུས་པ་དང༌། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཐུན་མོང་བར་སྣང་བ་དང༌། རྗོད་བྱེད་སྒྲའི་བདག་རྐྱེན་ཙམ་ལས་རང་གི་ངོ་བོ་རྫོགས་པར་བློ་ཡུལ་དུ་འཆར་ཐུབ་པ་དང༌། དབང་པོ་དང་ཡིད་བྱེད་དང་རྒྱུ་མཚན་གཞན་ཡོད་པ་ཙམ་གྱིས་རང་རྟོགས་པའི་བློ་སྐྱེ་བ་ཡོད་པའི་ཕྱིར་ཞེས་སོ། །
༣༽ སེམས་ཙམ་པའི་ལུགས་ཀྱི་བདེན་གཉིས་ལ་གསུམ། བདེན་གཉིས་ཀྱི་ཁུངས། བདེན་གཉིས་ཀྱི་སྒྲ་བཤད། བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བའོ། །
དང་པོ་ནི། མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །ཞེས་པ་ལྟར་རོ། །
གཉིས་པ་ལ་གཉིས། ཀུན་རྫོབ་བདེན་པའི་སྒྲ་བཤད་ནི། བུམ་པ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་དེ། བཏགས་པའི་ཀུན་རྫོབ་དང་། ཤེས་པའི་ཀུན་རྫོབ་དང་། བརྗོད་པའི་ཀུན་རྫོབ་གསུམ་གྱི་ངོར་རམ་དེ་གསུམ་གྱི་དབང་གིས་བདེན་པའམ་ཡོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། འདིར་བཤད་པའི་ཀུན་རྫོབ་གསུམ་ནི། རིམ་པ་བཞིན་ཀུན་བཏགས་འདོགས་བྱེད་ཀྱི་རྟོག་པ་དང༌། གཉིས་སྣང་འཁྲུལ་པའི་ཤེས་པ་དང༌། རྗོད་བྱེད་ཀྱི་སྒྲ་གསུམ་ལ་བྱེད་པ་ཡིན་ནོ། །སྟོང་ཉིད་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་དེ། དོན་དམ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཡུལ་ཡིན་པས་ན་དེ་སྐད་བརྗོད་པའི་ཕྱིར་རོ། །
གསུམ་པ་ནི། དྲང་ངེས་ལེགས་བཤད་སྙིང་པོ་ལས། རྣམ་པར་དག་པའི་དམིགས་པ་ལ་དོན་དམ་དུ་བཤད་པའི་ཟླས་དྲངས་པ་ན། གང་ལ་དམིགས་པའི་ཀུན་ནས་ཉོན་མོངས་ཀུན་ནས་སློང་བའི་དོན་གྱིས་ཀུན་རྫོབ་ཏུ་ཡོད་པར་བཞག་སྟེ། ཞེས་གསུངས་པ་ལྟར། གང་ལ་དམིགས་ནས་བསྒོམ་ན་སྒྲིབ་པ་དག་པར་འགྱུར་བའི་དམིགས་པ་མཐར་ཐུག་མ་ཡིན་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། མིང་གི་རྣམ་གྲངས་ནི། ཐ་སྙད་བདེན་པ་དང་རྫུན་པ་དང༌། སླུ་བའི་ཆོས་དང༌། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཆོས་སོ། །མཚན་གཞི་ནི། མཚན་ཉིད་གསུམ་ལས་གཞན་དབང་དང་ཀུན་བཏགས་ཀྱི་ཆོས་སོ། །དོན་དམ་བདེན་པའི་མཚན་ཉིད་ནི། གང་ལ་དམིགས་ནས་བསྒོམ་ན་སྒྲིབ་པ་དག་པར་འགྱུར་བའི་དམིགས་པ་མཐར་ཐུག མིང་གི་རྣམ་གྲངས་ནི། དེ་བཞིན་ཉིད་དང༌། ཡང་དག་མཐའ་དང༌། དོན་དམ་དང༌། མི་བསླུ་བའི་ཆོས་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པའི་ཆོས་སོགས་སོ། །མཚན་གཞི་ནི། སྟོང་ཉིད་ལྟ་བུའོ། །
༤༽ དབུ་མ་རང་རྒྱུད་པའི་ལུགས་ཀྱི་བདེན་གཉིས་ལ་གསུམ། བདེན་གཉིས་ཀྱི་ཁུངས། བདེན་གཉིས་ཀྱི་སྒྲ་བཤད། བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བའོ། །
དང་པོ་ནི། མདོའི་ཁུངས་ནི། གོང་དུ་སེམས་ཙམ་པའི་སྐབས་སུ་བཤད་པ་ལྟར་རོ། །མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་འདོམས་པར་མཛད༑ ༑གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་སོ།།
གཉིས་པ་ལ་གཉིས། ཀུན་རྫོབ་བདེན་པའི་སྒྲ་བཤད་ནི། །བུམ་པ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་དེ། བློ་ཀུན་རྫོབ་པ་བདེན་འཛིན་མ་རིག་པའི་ངོར་བདེན་པས་ན་དེ་ལྟར་བརྗོད་པའི་ཕྱིར་ཏེ། ལང་གཤེགས་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་དང༌། བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །དེས་ན་འདི་ཀུན་བདེན་པ་སྟེ། ། དམ་པའི་དོན་དུ་བདེན་མ་ཡིན། །ཞེས་སོ། །
སྟོང་ཉིད་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་དེ༑ དམ་པ་ནི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ༑ ཁྱོད་དེའི་རྙེད་དོན་ཡིན་པས་ན་དོན་དམ་པ་དང༌། གནས་ཚུལ་གཞན་དུ་གནས་ཤིང་སྣང་ཚུལ་གཞན་དུ་སྣང་བའི་བསླུ་བ་མེད་པས་ན་བདེན་པ་ཞེས་བརྗོད་པའི་ཕྱིར།
གསུམ་པ་ནི། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རང་ཉིད་ལ་ཐ་སྙད་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ཀ་བ་ལྟ་བུའོ། །མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རང་ཉིད་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མར་སོང་བའི་རྙེད་དོན་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། ཀ་བའི་སྟོང་ཉིད་ལྟ་བུའོ། །ཡང་ན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ༑ ཀུན་རྫོབ་བདེན་པའི་མཚན་ཉིད། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད་དུ་གསུངས་པ་ལྟར་བྱའོ། །
༥༽ དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་བདེན་གཉིས་བཤད་པ་ལ་ལྔ། དེན་གཉིས་ཀྱི་ཁུངས་དང༌། བདེན་གཉིས་ཀྱི་སྒྲ་བཤད། བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བ། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་བསྟན་པ། དོན་དམ་དུ་མེད་ཀྱང་ཀུན་རྗོབ་ཏུ་ཡོད་པའི་ཚུལ་ལོ། །
དང་པོ་ནི། མདོ་ནི་སེམས་ཙམ་པའི་སྐབས་ལྟར་དང༌། བསྟན་བཅོས་ནི། རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང༌། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་སོ༑ ༑
གཉིས་པ་ལ་གཉིས། ཀུན་རྗོབ་བདེན་པའི་སྒྲ་བཤད་ནི། འདིར་བདེན་འཛིན་མ་རིག་པའི་ངོར་བདེན་པས་ན་དེ་སྐད་བརྗོད་དོ། ། དོན་དམ་བདེན་པའི་སྒྲ་བཤད་ནི། ཚིག་གསལ་ལས། དོན་ཡང་དེ་ཡིན་ལ་དམ་པ་ཡང་དེ་ཡིན་པས་ན་དོན་དམ་པའོ། །དེ་ཉིད་བདེན་པ་ཡིན་པས་དོན་དམ་པའི་བདེན་པའོ་ཞེས་པ་ལྟར་རོ། །
གསུམ་པ་ནི། སྤྱིར་བདེན་གཉིས་ཀྱི་མཚན་ཉིད་འཇོག་ཚུལ་རང་རྒྱུད་པའི་སྐབས་ལྟར་ཡང་དགག་བྱ་ལ་ཕྲ་རགས་ཆེ་བས་བདེན་གཉིས་ཀྱི་དོན་ལའང་ཕྲ་རགས་ཀྱི་ཁྱད་པར་ཆེ་བ་ཤེས་གལ་ཆེའོ། །
བཞི་པ་ནི། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྗོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྗོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྗོབ་ཡིན། །ཞེས་པ་ལྟར་རོ། །
ཀུན་རྗོབ་བདེན་པ་ལ། སྤྱིར་ཡང་དག་དང་ལོག་པ་གཉིས་མི་འཇོག་ཏེ། ཀུན་རྗོབ་བདེན་པ་ལ་ལོག་པའམ་རྗུན་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་བས་འདིར་དབུ་མ་འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་པ་ལྟར། དོན་དམ་ལ་དཔྱོད་པའི་རིགས་ཤེས་ལ་མི་ལྟོས་པར་ཐ་སྙད་པའི་ཤེས་ངོ་ཙམ་ལ་ལྟོས་ཏེ། ཡང་ལོག་གཉིས་སམ་བདེན་པ་དང་རྗུན་པ་གཉིས་ཡོད། དང་པོ་ནི་རྟ་ལྟ་བུ། གཉིས་པ་ནི་རྨི་ལམ་ཀྱི་རྟ་ལྟ་བུའོ། །དོན་དམ་བདེན་པ་ལ་དབྱེ་ན། བདག་མེད་གཉིས་ཏེ་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་སོ། །
ལྔ་པ་དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པའི་ཚུལ་ལ་གཉིས། ཤེས་བྱེད་མདོ་བསྟན་གྱི་ཁུངས་འགོད་པ་དང༌། དེའི་དོན་གྱི་སྙིང་པོ་བཤད་པའོ། །
དང་པོ་ནི། མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང༌༑ ༑གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །ཞེས་དང༌༑ དངོས་རྣམས་སྐྱེ་བ་ཀུན་རྗོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང༌། །དེ་ནི་ཡང་དག་ཀུན་རྗོབ་འདོད། །ཅེས་དང༌། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང༌། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ཡང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན༑ ༑ཞེས་སོགས་ལྟར་རོ། །
གཉིས་པ་ལ་གསུམ། དོན་དམ་དུ་མེད་པའི་ཚུལ་དང༌། ཀུན་རྗོབ་ཏུ་ཡོད་པའི་ཚུལ་དང༌། དོན་དམ་དུ་མེད་ཀྱང་ཀུན་རྗོབ་ཏུ་ཡོད་པར་འཇོག་ཤེས་པ་ངོ་མཚར་རྨད་བྱུང་དུ་བསྟན་པའོ། །
དང་པོ་ནི། མདོ་ལས། བདེ་སྡུག་མྱོང་བའི་བདག་ཆོས་ཅན། དོན་དམ་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མའི་རྟ་བཞིན། ཡང་ན་གཟུགས་བརྙན་བཞིན། ཞེས་སོགས་ཀྱི་རྟགས་མང་པོས་སྒྲུབ་ཚུལ་ལྟར་དང༌། འདིར་དོན་དམ་པར་མེད་ཅེས་པའི་དགག་བྱའི་དོན་དམ་པར་ཡོད་ཚུལ་ལྟར་གྱི་དོན་ཏེ་རང་ངོས་ནས་གྲུབ་པ་དེའོ། །དེ་མེད་པ་ནི་དོན་དམ་པར་མེད་པའམ་སྟོང་པ་ཉིད་དོ། །འདིར་ཐལ་རང་གཉིས་ཀྱི་རིགས་པའི་དགག་བྱའི་ཁྱད་པར་ལེགས་པར་ཤེས་པར་བྱས་ཏེ། དགག་བྱ་ཕྲ་མོ་ནས་བཀག་པའི་སྟོང་ཉིད་དེ་ཤེས་གལ་ཤིན་ཏུ་ཆེའོ། །
གཉིས་པ་ནི། བདེ་སྡུག་མྱོང་བའི་བདག་ཆོས་ཅན། ཀུན་རྗོབ་ཏུ་ཡོད་དེ། གདགས་གཞི་ཕུང་པོ་ལྔ་པོ་གང་རུང་ལ་བརྟེན་ནས་བཏགས་པའི་སྐྱེས་བུ་ཡིན་པའི་ཕྱིར། དཔེར་ན། ཐག་ཕྲ་དང་ཐག་ཕྲའི་སྦྲུལ་གཉིས་རྟོག་པས་བཏགས་ཙམ་དུ་མཚུངས་ཀྱང་༑ ཕྱི་མ་ཀུན་རྗོབ་ཏུ་མེད་ཅིང་སྔ་མ་ཀུན་རྗོབ་ཏུ་ཡོད་པ་སྟེ། ཐ་སྙད་པའི་ཤེས་པ་ཚད་མའི་ངོར་ཡོད་པ་བཞིན་ཡིན་པའི་ཕྱིར། དེར་ཐལ། དེ་ལྟའི་བདག་དེ། ཐ་སྙད་པའི་ཤེས་པ་ལ་གྲགས་པ། གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་དང༌། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀྱང་གནོད་པ་མེད་པ་ཡིན་པའི་ཕྱིར། ཁྱབ་སྟེ། བཞི་བརྒྱ་པའི་འགྲེལ་པ་ལས། ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་དང། ལམ་རིམ་ཆེ་མོ་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར་རོ། །
གསུམ་པ་ནི། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང༌། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌༑ ༑ཞེས་དང༌། དབུ་མ་འཇུག་པ་ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི། །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ༑ ༑དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་བཐའ་དག་གཅོད་པར་བྱེད། །ཅེས་སོགས་གསུངས་པ་ལྟར་རོ། །