མང་གཙོའི་དུས་ཆེན།
ལོ་རེའི་ཕྱི་ཟླ་ ༩ ཚེས་ ༢ ནི་བོད་ལྗོངས་མང་གཙོའི་དུས་ཆེན་གྱི་ཉི་མོ་ཡིན། དེ་ཡང་གནའ་སྔ་མོ་ནས་ད་བར་འཛམ་གླིང་ཡུལ་གྲུ་ཁག་གི་ནང་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་ཇི་སྙེད་ཅིག་དར་ཡོད་པའི་ནང་ནས། མང་གཙོའི་ལམ་ལུགས་ནི་ད་ལྟའི་ཆར་ལེགས་ཤོས་དང་ཁྱབ་ཆེ་ཤོས་དེ་ཆགས་ཡོད་ཅིང། དེ་འདྲའི་ལམ་ལུགས་དེ་རང་རེའི་སྤྱི་ཚོགས་ནང་དར་འཕེལ་གཏོང་བར་དགོས་དམིགས་ཆེན་པོ་གཉིས་ཡོད། དང་པོ་ནི། བོད་ཀྱི་ཡུལ་མི་ཡིན་ནོ་ཅོག་ལ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་སྐལ་སྩལ་ཏེ་བོད་མིའི་སྤྱི་ཚོགས་འདི་བཞིན་དྲང་བདེན་དང། འདྲ་མཉམ། རང་དབང་། ཞི་བདེ་ལྡན་པ་བཅས་སུ་སླེབས་ཐབས་བྱེད་རྒྱུ་དེ་ཡིན་ཞིང། གཉིས་པ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པ་ནི་བཀས་བསྐོས་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་པ་རེད་ཅེས་ཕྱི་ཕྱོགས་དང་། ལྷག་པར་བོད་ནང་གི་མི་མང་གི་སེམས་ཤུགས་གཅོག་ཐབས་སུ་འཁྱོག་བཤད་བྱེད་བཞིན་པ་དེར་བྱ་སྤྱོད་ངོ་མའི་ཐོག་ནས་ལན་འདེབས་བྱེད་ཐུབ་པ་དེ་རེད།
མང་གཙོའི་དུས་ཆེན་ཉིན་བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་ཁུལ་ཚང་མར་གཞུང་འབྲེལ་མཛད་སྒོ་ཚུགས་བཞིན་པ་དང་། ཉིན་དེར་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་གཉིས་ནས་སྐབས་སྦྱར་གསུང་བཤད་དང་ལམ་སྟོན་གནང་གི་ཡོད་ཅིང་། མཛད་སྒོའི་རྗེས་སུ་མང་གཙོ་གསར་བཞད་ཅེས་པའི་གླུ་གཞས་སྙན་འཇེབས་ལྡན་པ་གཏོང་གི་ཡོད། གཞིས་ལུས་བོད་མི་ཚོར་དུས་ཆེན་འདི་མངོན་གསལ་དོདོ་པོས་སྲུང་བརྩི་ཞུ་བའི་གོ་སྐབས་མེད་ཀྱང་། ཁོང་ཚོས་ནམ་ཞིག་བོད་ནང་དུའང་གཞིས་བྱེད་མཉམ་འཛོམས་ངང་དུས་ཆེན་འདིར་རོལ་རྒྱུ་བྱུང་ན་ཅི་མ་རུང་སྙམ་བཞིན་ཡོད།
མང་གཙོའི་དུས་ཆེན་གྱི་བྱུང་རིམ་ལས་ང་ཚོའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོ་ཁག་མཚོན་ཐུབ་པ་ཡིན། དེ་ཡང་༸གོང་ས་མཆོག་གིས་ལུགས་གཉིས་ཆབ་སྲིད་ཀྱི་མཛད་འགན་བཞེས་རྗེས་ཕྱི་ལོ་ ༡༩༥༤ ལོར་བོད་ནང་ལེགས་བཅོས་ལས་ཁུངས་ཞེས་པ་ཆེད་འཛུགས་ཀྱིས་བོད་ཀྱི་ཚོགས་འདི་བཞིན་ མང་གཙོའི་ལམ་བཟང་དུ་འཁྲིད་ཐབས་མཛད་ཀྱང་། རྒྱ་ནག་གི་ཕྱོགས་ནས་འགལ་རྐྱེན་མང་པོ་བཟོས་སྟབས་དོན་སྨིན་ལྡན་པ་ཞིག་བྱུང་མེད། དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་ཟླ་ ༡༢ པར་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་མི་མང་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་དམངས་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་ལུགས་ལམ་སྟོན་སྩལ་བས། ཁུངས་སོ་སོ་ནས་འཐུས་མི་དྲག་འདེམས་བྱས་ཏེ་༸གོང་ས་མཆོག་ལ་མིང་ཐོ་འབུལ་ལམ་ཞུས་པ་ལྟར། བོད་མི་མང་སྤྱི་འཐུས་སྐབས་དང་པོར་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་མི་གྲངས་ ༡༣ བསྐོ་གཞག་སྩལ། བསྐོ་གཞག་སྩལ་བའི་སྤྱི་འཐུས་ཚོས་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ གཟའ་སྐར་འབྱུང་འཕྲོད་མཆོག་ཏུ་དགེ་བའི་ཉིན་༸གོང་ས་མཆོག་ལ་མཇལ་ཕྱག་དམ་འབུལ་དང་འབྲེལ་བོད་ལྗོངས་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་ཐོག་མར་བསྐྱངས། སྐབས་དེར་༸གོང་ས་མཆོག་གིས་ < <ཁྱོད་ཚོས་ངེས་པར་དུ་རང་ལ་ནད་དྲག་པོ་བྱུང་དུས་སྨན་བཅོས་ཐབས་ཤེས་ཇི་ལྟར་བྱེད་དགོས་བསམ་པ་དེ་བཞིན་རང་རེ་བོད་བསྟན་པ་ཆབ་སྲིད་སྤྱི་དོན་གྱི་ཐོག་ཏུ་དོན་དམ་པའི་ཕན་ཐོགས་ཡོང་ཐབས་ཤིག་བྱེད་དགོས་>> ཞེས་སོགས་ཀྱི་ལམ་སྟོན་གནང་ཡོད།
སྤྱི་འཐུས་ཚོས་བསམ་གྲོས་ཞིབ་བསྡུར་བྱས་མཐར་བཀའ་ཤག་ཁྱབ་ཁོངས་སུ་ཆོས་དོན་དང་། ནང་སྲིད། ཕྱི་སྲིད། དཔལ་འབྱོར་ལས་ཁུངས་བཅས་ཡོད་མུས་ཐོག་ཤེས་རིག་ལས་ཁུངས་འཕར་འཛུགས་བསྐྱངས་རྒྱུ་དང་། དེ་དག་གི་གཙོ་འཛིན་དང། འགན་འཛིན། དྲུང་ཆེ་བཅས་མི་མང་ཁོངས་ནས་དྲག་འདེམས་ཀྱིས་འཆར་འབུལ་ཞུས་པ་ལྟར་མི་གྲངས་ ༢༩ བསྐོ་གཞག་སྩལ།
ཕྱི་ལོ་ ༡༩༦༡ གསུམ་བཅུའི་དུས་དྲན་ཐེངས་གཉིས་པའི་ཐོག་༸གོང་ས་མཆོག་གི་རྩ་ཁྲིམས་གསར་པ་ཞིག་ངེས་པར་གཏན་འབེབས་གནང་རྒྱུར། ཚང་མས་བསམ་གྲོས་ཞིབ་བསྔུར་གྱི་བསམ་འཆར་འབུལ་དགོས་བཀའ་གནང་བ་ལྟར། ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་བོད་ཀྱི་མང་གཙོའི་རྩ་ཁྲིམས་གསར་པའི་ཟིན་བྲིས་འགྲེམས་སྤེལ་བསྐྱངས་ཏེ་མང་ཚོགས་ཀྱི་བསམ་འཆར་ཇི་ཡོད་བསྡུ་བཞེས་མཛད། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་ཐོག་མར་བཞུགས་སྒར་ཕོ་བྲང་ཚོམ་ཆེན་དུ་རྟེན་འབྲེལ་མཛད་སྒོ་དང་འབྲེལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། དེ་རྗེས་ཉིན་དེ་རང་གི་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་སྐབས་སུ་༸གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་རྩ་ཁྲིམས་རིན་པོ་ཆེའི་ཟིན་བྲིས་གསལ་བསྒྲགས་བསྐྱངས། སྐབས་དེར་བཀའ་སློབ་ཏུ་ <<ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོ་ཞིག་བྱེད་པ་ལ། དམངས་གཙོ་ཞེས་པའི་གོ་དོན་ལེགས་པར་ཤེས་དགོས། དཔེར་ན། དམངས་ཞེས་པར་རིགས་རུས་དང། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་རྩོལ་ལ་བརྟེན་ཞིང། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བར་འཛིན་པའམ། དེ་རྣམས་དོན་གྱི་བདག་པོར་འཛིན་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་གྱུར་ཏེ་ལས་འགན་ཁུར་བར་སློབ་སྦྱོང་ལེགས་པར་བྱས་ཏེ་རང་རང་ཡོན་ཏན་གྱི་གནས་ཚད་དང་། བསམ་བློའི་གོ་རྟོགས་ཇེ་ཆེར་གཏོང་དགོས་ཤིན་ཏུ་ཆེ་>> ཞེས་བཀའ་གནང་ཡོད་པ་རེད། ༡༩༦༥ ལོར་སྔར་ཡོད་གཞུང་ཞབས་ཀྱི་གོ་མིང་ཛ་སག་སོགས་ཡུལ་དུས་དང་མ་འཚམས་པ་རྣམས་ཕྱིར་བསྡུ་དང་སྦྲགས་མང་གཙོའི་སྒྲིག་སྲོལ་དང་མཐུན་པའི་གཞུང་ཞབས་ཀྱི་རིམ་པ་གཏན་འབེབས་མཛད། དེ་སྔོན་སྤྱི་འཐུས་རྣམས་ལས་ཁུངས་ཁག་ནང་ཆ་བགོས་ཀྱིས་བཞུགས་མུས་ཉམས་མྱོང་བྱུང་བ་ལྟར་ ༡༩༦༦ ལོའི་ཟླ་ ༥ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས།
དེ་སྔོན་བོད་གཞུང་གི་ལས་དོན་ཐོག་ཞིབ་འཇུག་ཆེད་སྤྱི་འཐུས་རྣམས་དང་བཞུགས་སྒར་ཁུལ་ལས་བྱེད་རྣམས་ཟླ་བ་དྲུག་རེའི་མཚམས་སུ་ལྷན་ཚོགས་གནང་ལམ་ཡོད་པ་དེ། ༡༩༦༩ ལོ་ནས་བཟུངས་ཕྱོགས་མཐའི་གཞིས་འགོ་བདེ་དོན་དང། ས་ཁུལ་སོ་སོའི་མི་འཐུས་བཅས་ཡོད་པའི་ལོ་འཁོར་ཚོགས་ཆེན་རེ་བསྐོང་སྟེ་གཞུང་གི་ལས་དོན་ལ་ལྟ་སྐུལ་གྲོས་འདོན་གྱི་ལམ་སྲོལ་གསར་འཛུགས་ཀྱི་འཆར་གཞི་གཏན་འབེབས་མཛད། ༡༩༧༣ ལོ་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་འདུའི་ཐོག་རྒྱལ་དོན་དཔྱ་དངུལ་འབུལ་རྒྱུ་དང་། ས་གནས་ཁག་ལ་རང་བདེན་ཚོགས་ཆུང་རིམ་བཞིན་འཛུགས་རྒྱུའི་གཏན་འཁེལ་བྱུང་།
བོད་གཞུང་གི་དགོས་དངུལ་སྟངས་འཛིན་བཀའ་ཤག་ནས་གནང་མུས་ལ་བསྒྱུར་བཅོས་ཀྱིས་ཕྱི་ལོ་ ༡༩༧༥ ནས་སྤྱི་འཐུས་རྒྱུན་ལས་ནས་གནང་རྒྱུར་གཏན་འཁེལ་གྱིས་སྒྲིག་གཞི་གཏན་འབེབས་དང་སྦྲགས་སྔོན་རྩིས་འཆར་འབུལ་དང། ཞིབ་འཇུག་བཀའ་འཁྲོལ་བཅས་ཀྱི་ལམ་སྲོལ་འགོ་འཛུགས་གནང། དེ་བཞིན་ལོ་དེའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐོག་ཟླ་ ༩ ཚེས་ ༢ ཉིན་ནི་བོད་ཆོས་སྲིད་གཉིས་ལྡན་རང་དབང་མང་གཙོའི་གཞུང་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་གནང་རྒྱུའི་གཏན་འབེབས་དང་གསལ་བསྒྲགས་མཛད།
༡༩༧༧ ཟླ་ ༡༠ ཚེས་ ༥ ནས་བཟུང་ཆོས་བརྒྱུད་གཞན་དང་སྤྱི་མཚུངས་གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་བསྐོ་མཛད་པ་དང་། ༡༩༨༡ ལོར་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་མང་སྔོན་ནས་ཆོལ་གསུམ་སོ་སོར་སྤྱི་འཐུས་འོས་བསྡུ་བྱེད་མི་དགོས་པར། འོས་ཤོག་མཉམ་བླུག་བྱས་ན་ལེགས་པའི་བསམ་ཚུལ་ཕུལ་བ་ལྟར་གནང་རྒྱུར་ལྷན་ཚོགས་ ཐོག་གོ་བསྡུར་ཐག་གཅོད་ཀྱིས་གསལ་བསྒྲགས་བསྐྱངས། འོན་ཀྱང་མདོ་སྟོད་མི་མང་ནས་སྤྱི་འཐུས་འོས་བསྡུ་སྔར་ལམ་ལྟར་བྱས་ལེགས་ཀྱི་བསམ་འཆར་བྱུང་བ་སོགས་ཀྱིས་གོང་གསལ་གཏན་འབེབས་ལ་བསྒྱུར་བཅོས་མཛད། ༡༩༨༥ ཟླ་ ༩ ཚེས ༢ ཉིན་བོད་ལྗོངས་མང་གཙོའི་གཞུང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་མཛད་སྒོ་གཟབ་རྒྱས་ཐོག་༸གོང་ས་མཆོག་ཞབས་སོར་འཁོད་དེ་བཀའ་སློབ་སྩལ་ཞིང།༸གོང་ས་མཆོག་གི་བཀའ་དྲིན་གཏང་རག་སླད་རིན་ཆེན་དང་གཉིས་ལས་གྲུབ་པའི་བོད་ཀྱི་རྒྱལ་རྟགས་ཤིག་སྤྱི་འཐུས་ལྷན་ཚོགས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འབུལ་ལམ་ཞུས། དེའི་སྔོན་མང་གཙོའི་དུས་ཆེན་ཉིན་གཞུང་འབྲེལ་གུང་གསེང་ཙམ་ལས་མཛད་སྒོ་མེད་ཀྱང་། ཉིན་འདི་ནས་ལོ་ལྟར་མང་གཙོའི་དུས་ཆེན་ཉིན་གཞུང་འབྲེལ་མཛད་སྒོ་རེ་ཚུགས་རྒྱུའི་གཏན་འབེབས་བསྐྱངས།
ཕྱི་ལོ་ ༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་བསྐོང་སྟེ། བཀའ་བློན་རྣམས་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་འོས་འདེམས་བྱེད་རྒྱུ་དང་། སྤྱི་འཐུས་རྣམས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་རྒྱུ་མ་ཟད་སྤྱི་འཐུས་ཀྱི་གྲངས་ཚད་༤༦ བར་སྤར་ཆ་གནང་། ཕྱི་ལོ་ ༡༩༩༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་བཟོ་འགོད་དང་། བཙན་བྱོལ་ནང་ལག་བསྟར་བྱ་རྒྱུའི་བཅའ་ཁྲིམས་བཟོ་འགོད་ཆེད་ཚོགས་ཆུང་བསྐོ་བཞག་གནང་བ་དང་། ལོ་དེ་གའི་ནང་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་བཟོའི་འགན་དབང་སྩལ་ཏེ་བཅའ་ཁྲིམས་གཏན་ལ་ཕབ་ཐོག་དེའི་དགོངས་དོན་ལྟར། སྤྱི་འཐུས་ལྷན་ཚོགས་ནས་འོས་འཕེན་གྱིས་བཀའ་ཤག་གསར་པ་འདེམས་བསྐོ་ཞུས་ཤིང། རང་དབང་ལྡན་པའི་ལྷན་ཁང་ཁག་ཀྱང་ཟུར་འཛུགས་ཀྱིས་དེ་དག་གི་འགན་དབང་རྣམས་ཁྲིམས་ཡིག་ཁག་གི་ཐོག་ནས་གཏན་ལ་ཕབ། ༡༩༩༢ ལོར་འབྱུང་འགྱུར་བོད་རང་བཙན་གྱི་སྐབས་སུ་རྩ་ཁྲིམས་ཚད་ལྡན་ཞིག་གཏན་འབེབས་མ་བྱུང་བའི་བར་བརྒལ་གྱི་དུས་སྐབས་སུ་འཛིན་སྐྱོང་སྲིད་གཞུང་བསྐོ་འཛུགས་གནང་ཕྱོགས་སྐོར་འཁོད་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང། རྩ་ཁྲིམས་སྙིང་དོན་ཡོངས་བསྒྲགས་གནང་། དེ་བཞིན་ལོ་དེའི་ཟླ་ ༣ ཚེས་ ༡༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་མཛད།
ཕྱི་ལོ་ ༢༠༠༠ ལོར་༸གོང་ས་མཆོག་གིས་བཀའ་བློན་ཁྲི་པ་འདེམས་ཕྱོགས་སྐོར་ལ་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར། ༢༠༠༡ ལོར་བཀའ་བློན་ཁྲི་པ་དེ་མང་ཚོགས་ཀྱིས་ཐད་དཀར་འོས་འདེམས་གནང་རྒྱུ་དང་། བཀའ་བློན་ཁྲི་པ་དེས་བཀའ་བློན་གཞན་ཇི་དགོས་ཀྱི་འོས་མིང་གྲོས་ཚོགས་སུ་ཕུལ་ཏེ། གྲོས་ཚོགས་ནས་འོས་འདེམས་གནང་ལམ་གཏན་འབེབས་ཀྱིས་ད་ལྟ་དངོས་སུ་ལག་བསྟར་མཛད་བཞིན་པ་བཅས་མདོར་ན་༸གོང་ས་མཆོག་གིས་བོད་མི་རྣམས་བཙན་བྱོལ་དུ་སླེབས་ཙམ་ཉིད་ནས། རང་རེའི་སྤྱི་ཚོགས་འདི་བཞིན་སྒོ་གང་ས་ནས་རང་དབང་མང་གཙོའི་ལམ་བཟང་དུ་སྣེ་འཁྲིད་མཛད་ཐབས་རིམ་པར་མཛད་ཡོད་ཅིང། འདི་ནི་རྒྱལ་ཁབ་གཞན་དུ་མང་གཙོའི་ལམ་ལུགས་དར་སྟངས་དང་མི་འདྲ་བར་༸གོང་ས་མཆོག་གིས་བོད་མི་མང་ལ་མར་གསོལ་རས་སྩལ་བའི་མང་གཙོ་ཞིག་ཆགས་ཡོད། དེར་བརྟེན་རང་རེའི་མང་གཙོའི་དུས་ཆེན་ལའང་གཞན་ལ་མེད་པའི་དོན་སྙིང་གལ་ཆེ་ཞིག་ཀྱང་ལྡན་ཡོད་པ་སྟེ། དེ་ནི་༸གོང་ས་མཆོག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་བདེ་དོན་ཁོ་ནའི་ཆེད་ཡང་དག་པའི་ལམ་སྟོན་དང་སྣེ་འཁྲིད་མཛད་པར་སྙིང་ཁོང་རུས་པའི་གཏིང་ནས་གུས་བརྩི་ཞུ་བ་དང་སྦྲེལ་གང་གི་བཀའ་དགོངས་བཞིན་འབྱུང་འགྱུར་རང་ཡུལ་བོད་དུ་མང་གཙོའི་ལུགས་བཟང་ཡར་རྒྱས་དང་གོང་འཕེལ་ཡོང་ཆེད་འབད་བརྩོན་དགོས་པ་དེ་ཡིན་ནོ།། །།