གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༦༠༽ དེ་ནས་ཁོང་ཚོ་ལ། “ད་ཁྱོད་ཚོས་ང་ལ་རོགས་གྱིས་དང༌། ངས་བདུད་རྒྱལ་དེ་འདུལ་ཆོག ང་ལ་ལྷ་མོའི་ལུང་བསྟན་དང་བསྡོངས་གྲོགས་ཡོད་པས་ངས་འདུལ་ཐུབ།” ཅེས་གསུངས་པས། ཁོ་ཚོས་གྲུབ་ཐོབ་མཁྱེན་ཞེས་ཕྱག་འཚལ།
༦༡༽ དེ་ནས་ཁོ་ཚོ་ལ་མདའ་འཕེན་ཚུལ་སློབ་བཅུག་པ་དང༌། རྟ་དཀར་པོ་ཞིག་ཡོད་པ་དེ་གསོས་ནས་དྲུག་ཤ་གང་བར་བྱས། རྟ་ཐོག་ནས་ཀྱང་མདའ་འཕེན་ཚུལ་བྱང་ཆུབ་པར་བསླབས།
༦༢༽ དེ་ནས་ཁོ་ཚོའི་རྟ་དཀར་དེ་ལ་སོལ་བ་བྱུགས་ནས་ནག་པོར་བསྒྱུར་ཅིང༌། བེར་ཕྱི་ནང་དཀར་ནག་ཅན་ཞིག་གྱོན། ལྕགས་གཞུ་དང་ལྕགས་མདའ་དུག་ཅན་ཞིག་ཁྱེར་ནས་ཁོ་ཚོ་ཁྲིད་དེ་མཚན་སྐྱོད་གནང༌།
༦༣༽ ཕྱི་ཉིན་ནངས་མོར། ཁྲི་དར་མ་ན་རེ། “མདང་ནུབ་རྡོ་རིང་འགྱེལ་ནས་ང་མནན་པའི་རྨི་ལམ་ངན་པ་ཞིག་བྱུང་ཞིང༌། དེ་རིང་ཁམས་ཀྱང་མི་བདེ་བ་ཞིག་འདུག” ཅེས་ཆུང་མ་དང་ལྷན་དུ་ཕྱིར་སྐུ་འཆམ་ལ་ཕེབས།
༦༤༽ དེར་ཡབ་མེས་ཀྱིས་བསླངས་པའི་རྡོ་རིང་ངོས་ཀྱི་ཡི་གེར་ཞིབ་གཟིགས་གནང་སླད། བཙན་པོ་ཇོ་ཁང་གི་མདུན་དུ་ཕེབས། རྡོ་རིང་གི་ཡི་གེ་ཞིབ་ཏུ་བཀླགས་པས། བཙན་པོས་ཡབ་མེས་ཚང་མ་སྤྲུལ་པའི་རྒྱལ་པོ་དང༌། ཆོས་སྲིད་ཀྱི་མངའ་ཐང་ཤིན་ཏུ་རྒྱས་ཚུལ་མཁྱེན།