གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༤༥༽ ལེགས་སྡུག་བཙན་གྱིས་ཀྱང༌། “བྲན་ཀ་དཔལ་ཟེར་བ་སོགས་ཀྱིས་ཐ་ན་བཙན་པོར་ཡང་དབུ་བསྐོར་ནས། ཉིན་མོའི་ལྷ་དང་མཚན་མོའི་འདྲེ་བྱས་པས་ཐ་མ་འདི་བྱུང་བ་རེད། མགོ་རིལ་རིལ་ཚང་མ་ལྟས་ངན་རེད།” ཞེས་སྐུར་འདེབས་མང་དུ་ཞུས།
༤༦༽ དེར་སྡིག་བློན་ཚང་མས་མགྲིན་གཅིག་ཏུ། “བཙན་པོ་མཆོག ཆོས་དང་ཆོས་བྱེད་ཚང་མ་ཚར་བཅད་དེ་བོད་རང་གི་བོན་སྤེལ་ནས་བོད་ཀྱི་རྒྱལ་ཁྲིམས་སླར་གསོ་དར་རྒྱས་གཏོང་རོགས་གནང༌།” ཞེས་ཞུ་ཕྱག་མང་དུ་ཕུལ།
༤༧༽ དར་མས་ཐུགས་བསམ་ཅུང་བཞེས་ཏེ། “ཁྱེད་ཅག་གི་གཏམ་ལ་རྒྱུ་མཚན་འདུག་མོད། ཡབ་མེས་དག་གི་མཛད་རྗེས་དང་འགལ་བས་ད་དུང་མོ་མ། རྩིས་པ། ལྷ་བ་གྲགས་ཅན་ཚང་མར་སྐད་ཆ་ཞིག་འདྲི་དགོས།” ཞེས་གསུངས།
༤༨༽ ཁོ་ཚོས་མོ་མ་ལྷ་བ་དེ་དག་ལ་རྒྱུ་དངོས་ཀྱིས་བརྔན་ནས་ཁོ་ཚོའི་ཇི་ལྟར་བཤད་པ་ལྟར་ཞུ་རུ་བཅུག་པས། བཙན་པོ་ཐུགས་ཡིད་ཆེས། དེ་ནས་བཟུང་ཁྲི་དར་མ་ལོག་པའི་ལམ་དུ་ཞུགས།
༤༩༽ ཁྲི་དར་མས་བློན་པོ་དང་ལོ་པཎ་རབ་བྱུང་བ་མང་པོ་ཕྱོགས་གཅིག་ཏུ་བསྐོངས་ཏེ། མུ་གེ་ནད་ཡམས་སོགས་བོད་ལ་ད་ལྟ་བར་བཀྲ་མ་ཤིས་བྱུང་མང་པོ་བྱུང་ཚུལ་དང༌། དེ་ཀུན་རྒྱ་ལྷ་ཇོ་བོ་ཟེར་བ་དང༌། ཤཱཀྱའི་ཆོས་བོད་དུ་སྤེལ་བས་ལན་ཚུལ་གྱི་བཀའ་གནང༌།