ཁྲི་སྲོང་ལྡེའུ་བཙན།
༤༠༽ སློབ་དཔོན་རིན་པོ་ཆེས་ཐོག་མར་ནག་ཕྱོགས་ལྷ་འདྲེ་མི་གསུམ་བཅས་པ་རྫུ་འཕྲུལ་གྱིས་དབང་དུ་བསྡུས་ཏེ། ཡུལ་ལྷ་གཞི་བདག་སོགས་མཐུ་ཆེན་མང་པོ་དམ་དུ་བཏགས་ཏེ་ཆོས་ཀྱི་སྲུང་མར་བསྐོས།
༤༡༽ དེ་ནས་སློབ་དཔོན་གྱིས་གཙུག་ལག་ཁང་བཞེངས་སའི་ས་བདམས་ཏེ། རྫུ་འཕྲུལ་གྱིས་ནམ་མཁར་བྱོན་ནས་ས་གཞི་བྱིན་གྱིས་བརླབས། སྐབས་དེར་སྐུའི་གྲིབ་མ་གར་ཁྱབ་ལ་ཐིག་རིས་ཕབ་བཅུག་ནས་གཙུག་ལག་ཁང་གི་དཔེ་རིས་ཕབ།
༤༢༽ ཆུ་ཡོས་(ཕྱི་ལོ་༧༦༣)ལོར། རྒྱ་གར་ནག་དང་བལ་པོ་སོགས་རྒྱལ་ཁབ་ཕྱི་ནང་གི་རྩིག་བཟོ་མཁས་པ་མང་པོ་གདན་དྲངས་ཏེ་གཙུག་ལག་ཁང་གི་རྨིང་བཏིང་སྟེ་བཟོ་སྐྲུན་དབུ་འཛུགས་གནང༌།
༤༣༽ མེ་རྟ་(ཕྱི་ལོ་༧༦༦)ལོར། ཐོག་བར་ཤོད་གསུམ་རིམ་བཞིན་ཧིན་བོད་རྒྱ་གསུམ་གྱི་ལུགས་སུ་བྱས་པའི་བསམ་ཡས་དབུ་རྩེ་རིགས་གསུམ་ལྷ་ཁང་ཡོངས་སུ་བཞེངས་གྲུབ་སྟེ། སློབ་དཔོན་གྱིས་རབ་གནས་གནང༌།
༤༤༽ དེར་དགའ་སྟོན་གྱི་ཐོག་མར། བཙན་པོས། “ང་ཡི་དབུ་རྩེ་རིགས་གསུམ་འདི། །རིན་ཆེན་ལྔ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །”ཞེས་སོགས་གནས་བཤད་ཀྱི་མགུར་བཞེངས།