ཁྲི་སྲོང་ལྡེའུ་བཙན།
༣༠༽ བཙན་པོས་བོད་འབངས་ཡོངས་ལ་བཀའ་ཡིག་ཁྱབ་བསྒྲགས་ཀྱིས། ད་ནས་བཟུང་མེས་པོ་སྲོང་བཙན་གྱི་ལུགས་ལྟར་ཆོས་ཁྲིམས་སླར་གསོ་བྱས་ནས་དུས་བདེ་ལྷིང་འཇགས་བཟོ་དགོས་ཚུལ་བསྒྲགས།
༣༡༽ བཙན་པོས་ད་དུང༌། “བོད་མིས་ཆོས་བྱེད་ཐུབ་མིན་ཉམས་སད་པའི་སླད་རབ་བྱུང་གི་སྡེ་ཞིག་དགོས་པས་རབ་ཏུ་འབྱུང་ཐུབ་མཁན་སྐལ་བ་བཟང་པོ་ཅན་སུ་ཡོད་མདུན་དུ་ཤོག” ཅེས་བཀའ་གནང༌།
༣༢༽ དེར་མི་ཚོགས་ཀྱི་ཁྲོད་ནས་སྦ་རིན་ཆེན་དང༌། སྦ་གསལ་སྣང༌། བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨ་ཙ་ར་རིན་ཆེན་མཆོག་སོགས་གཞོན་ནུ་བདུན་མདུན་དུ་ཐོན་ཏེ་བཙན་པོར་ཕྱག་ཕུལ།
༣༣༽ དེར་ཞི་བ་འཚོ་རབ་ཏུ་མགུ་ནས། “བདག་ཅག་གི་སྟོན་པའི་བསྟན་པར་གཏད་རབས་ཆེན་པོ་བདུན་བྱུང༌། བོད་ལའང་བསྟན་པ་འཛིན་སྐྱོང་སྤེལ་བའི་རྟེན་འབྲེལ་ཧ་ཅང་བཟང་”ཞེས་གསུངས།
༣༤༽ དེ་ནས་མཁན་པོས་རབ་བྱུང་བསྒྲུབས། བཙན་པོས། ཁོང་ཚོར་ཆོས་དང་ལོ་ཙཱ་གཉིས་ཀ་སློབ་དགོས་པ་དང༌། ཀུན་གྱི་མིག་དཔེར་འོས་པའི་དགེ་འདུན་པ་རབ་ཅིག་བྱེད་དགོས་ཚུལ་སོགས་བཀའ་སློབ་གནང༌།