ཁྲི་སྲོང་ལྡེའུ་བཙན།
༦༥༽ སྐབས་དེར་བོད་དུ་གཙོ་བོ་ཆོས་འདུལ་བ་ཉམས་བཞེས་གནང་ནས་དགེ་འདུན་གྱི་གཞི་འཛུགས་བཞིན་པའི་དུས་ཡིན་པས། ལྟ་སྒོམ་གྱི་ཟབ་གནད་རྟོགས་མཁན་ཉུང༌། དེ་བས་ཧ་ཤང་གི་རྗེས་འགྲོ་མང་ཙམ་བྱུང༌།
༦༦༽ ཧ་ཤང་གི་ལོག་ཆོས་དེར་རྩོད་པ་ཤུགས་ཆེར་བྱུང་བས། རྒྱལ་པོས། མཁན་པོ་ཡེ་ཤེས་དབང་པོ་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་ལ་སྒོམ་དུ་བཞུགས་པ་གདན་འདྲེན་དུ་བློན་ཁམས་པ་བཏང༌།
༦༧༽ ཡེ་ཤེས་དབང་པོས་བཙན་པོའི་མདུན་སར་བཅར་ནས། འདི་ལ་མཁན་ཆེན་ཞི་བ་འཚོའི་ཞལ་ཆེམས་གནང་བ་ལྟར། ཁོང་གི་སློབ་མའི་མཆོག་ཀ་མ་ལ་ཤི་ལ་བལ་ཡུལ་ནས་གདན་འདྲེན་དགོས་ཞེས་ཞུས།
༦༨༽ དེ་ནས་ཀ་མ་ལ་ཤི་ལའམ་སློབ་དཔོན་པདྨའི་ངང་ཚུལ་གདན་དྲངས་ཏེ། ཧ་ཤང་དང་ལྷན་བྱང་ཆུབ་གླིང་དུ་ཁྲི་བཤམས་ནས་སོ་སོའི་འཁོར་སློབ་དང་བཅས་པ་རྩོད་པའི་འདུ་ཚོགས་ཆེན་མོར་འཁོད།
༦༩༽ དེར་བཙན་པོས། དོན་གྱི་བྱུང་བ་དང་རྩོད་པའི་དགོས་དམིགས་བཅས་གསུངས་ནས། ཕྱོགས་གཉིས་ཀའི་ཕྱག་ལ་མེ་ཏོག་དཀར་པོ་རེ་གནང་ནས། སུ་ཕམ་པ་དེས་སུ་རྒྱལ་པར་མེ་ཏོག་མཆོད་དགོས་ཞེས་བཀའ་སྩལ།