ཁྲི་སྲོང་ལྡེའུ་བཙན།
༥༠༽ གཞན་ཡང༌། སློབ་དཔོན་དང་མཁན་པོ། བློན་པོ་སོགས་ཀྱིས་བསླབ་མགུར་དང༌། བཙུན་མོ་སོགས་བོད་མི་རེའི་ཁ་ནས་གླུ་རེ་བླངས་ཏེ། ཉིན་དུ་མར་གླུ་གར་གྱི་རྒྱ་མཚོའི་དཔལ་ལ་ལོངས་སུ་སྤྱད།
༥༡༽ དེ་ནས་བསམ་ཡས་སུ་སྒྲ་སྒྱུར་གླིང་བཙུགས་ཏེ། རྒྱ་དཀར་ནག་བལ་པོ་བཅས་ཀྱི་ལོ་པཎ་མང་པོ་སྤྱན་དྲངས་ཏེ་མདོ་སྔགས་དུ་མ་བསྒྱུར། རྒྱལ་པོ་དང་ལོ་པཎ་ལྷན་འཛོམས་ཀྱི་འགྱུར་ལས་གཞན་མི་ཆོག་པའི་བཀའ་ཡང་བསྒྲགས།
༥༢༽ དེ་ལྟར་མཁན་ཆེན་ཞི་བ་འཚོ་ལོ་བཅུ་ལྷག་བོད་དུ་བཞུགས་མཐར། ཡེ་ཤེས་བཟང་པོར་མ་འོངས་ལུང་བསྟན་དང་བཅས་མྱ་ངན་ལས་འདས། རྒྱལ་པོས་དགེ་སློང་ཡེ་ཤེས་དབང་པོ་མཁན་པོར་བསྐོས།
༥༣༽ རྒྱལ་པོས། དགེ་འདུན་པའི་སྡེ་དར་ཞིང་དམ་པའི་ཆོས་ཡུན་དུ་གནས་པའི་མཐུན་རྐྱེན་དུ་དགེ་འདུན་པ་རེ་རེར་སྦྱིན་བདག་ཁྱིམ་ཚང་གསུམ་རེ་གནང་བས། རབ་ཏུ་འབྱུང་མཁན་ཡང་ཇེ་མང་དུ་གྱུར།
༥༤༽ དེར་བཙན་པོས་རང་གི་སྒོ་གསུམ་དང༌། བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་སོགས་སློབ་དཔོན་པདྨ་འབྱུང་གནས་ལ་དབང་ཡོན་དུ་ཕུལ་ནས་གསང་སྔགས་ཀྱི་དབང་ལུང་མན་ངག་དང་བཅས་པ་ཞུས་ཏེ་ཉམས་ལེན་གནང༌།