ཁྲི་སྲོང་ལྡེའུ་བཙན།
༡༽ ཆུ་རྟ་(ཕྱི་ལོ་༧༤༢)ལོར། བྲག་དམར་ཕོ་བྲང་དུ་སྣ་ནམ་བཟའ་མང་མོ་རྗེ་ལ་སྲས་ཤིག་འཁྲུངས་པའི་མཚན་ལ་ཁྲི་སྲོང་ལྡེ་བཙན་ཞེས་གསོལ། རིང་པོ་མ་འགོར་བར་ཡུམ་གཤེགས།
༢༽ རྒྱལ་སྲས་མཆོག་སྐུ་ན་ཕྲ་མོའི་དུས་ནས་ཆོས་དད་དང་རིག་སྟོབས་འགྲན་ཟླ་བྲལ་བའི་ཐོག ཡབ་ཀྱིས་ནང་ཆོས་ལ་སློབ་གཉེར་ཤུགས་ཆེན་གནང་བཅུག་པས་དགུང་ལོ་བཅུ་གཉིས་ཙམ་ནས་ཆོས་སྲིད་ལུགས་གཉིས་ལ་མཁས་པར་གྱུར།
༣༽ ཤིང་ལུག་(ཕྱི་ལོ་༧༥༥)ལོར། ལང་དང་འབལ་གཉིས་ཀྱིས་བཙན་པོ་ལྐོག་ཏུ་བསྒྲོངས་ཏེ། ཕྱི་ལ་བཙན་པོས་ཆོས་བྱས་པའི་རྐྱེན་གྱིས་གྲོངས་ཚུལ་རྫུན་བསྒྲགས་བྱས། བཙན་པོའི་སྲིད་དབང་ཁོ་གཉིས་ཀྱིས་བཟུང༌།
༤༽ དེ་ནས། བློན་ཆེན་མ་ཞང་ཁྲོན་པ་སྐྱེས་དང༌། སྟག་ར་ཀླུ་ཁོང་སོགས་བོན་ལ་དད་པའི་བློན་འཁོར་གྱིས་དམག་འབངས་རྣམས་བསྐུལ་ནས་བོན་ཁོ་ན་ལས་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས།