ཁྲི་ལྡེ་གཙུག་བརྟན།
༡༠༥༽ དེ་ནས་འ་ཞ་རྗེ་དང་མཉམ་དུ་ཁྲི་དམག་བཞི་བཅུ་ཁྲིན་ཧཕིན་པའོ་ལ་དྲངས། ཧི་ཡོན་ཅན་དང༌། ཧྲི་པའོ་མཁར་བཅས་བཅོམ།
༡༠༦༽ དེར་རྒྱལ་པོས་ཡབ་མེས་གོང་མའི་སྲོལ་ལྟར་ཆོས་རིག་སྤེལ་ཕྱིར་རྒྱ་ཡུལ་ནས་མདོ་གསེར་འོད་དམ་པ་དང༌། འདུལ་བ་ལས་རྣམ་འབྱེད་དང༌། སྨན་དཔྱད་ཀྱི་བསྟན་བཅོས་འགའ་ཞིག་བཅས་བོད་ཡིག་ཏུ་བསྒྱུར།
༡༠༧༽ བྲན་ཁ་མུ་ལེ་ཤོ་དང་གཉགས་སྣ་ནམ་ཀུ་མ་ར་གཉིས་རྒྱ་གར་དུ་ལོ་ཙ་སློབ་ཏུ་བཏང་བ་ཕྱིར་ཕེབས་ནས། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བསྒྱུར། བཙན་པོས་བྲག་དམར་མགྲིན་བཟང་སོགས་ལྷ་ཁང་ལྔ་བཞེངས།
༡༠༨༽ ཤིང་ལུག་(ཕྱི་ལོ་༧༥༥)ལོར། བཙན་པོ་ཡར་འབྲོག་སྦྲ་ཚལ་དུ་བཞུགས་སྐབས། བློན་པོ་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་ལྐོག་ཏུ་བགྲོངས།