སྟག་རི་གཉན་གཟིགས།
༤༠༽ རྗེ་ཡིས་ནང་བློན་ཆེན་པོའི་ངོ་མ་ཆོད་པར། མི་བཟང་པོས་མི་ངན་པ་བསད་ཀྱང་ཉེས་པ་མེད་དོ། །ཅེས་བཀའ་བཏང་སྟེ་བརྩད་ཞིབ་མ་གནང་བས། དབའ་དབྱི་ཚབ་ཟིང་པོ་རྗེ་ལ་བློ་ཕམ་ཞིང་ཞེན་པ་གཏིང་ནས་ལོག་གོ།
༤༡༽ དེ་ནས་ཙེང་སྐུ་དང་དབྱི་ཚབ་གཉིས་རང་གི་རྗེ་བོ་ལ་ཡི་ཆད་དེ་ཕྱིར་ལོག་པའི་ལམ་བར་དུ། ཙེང་སྐུས། ཡར་ཆབ་གཙང་པོའི་ཕ་རོལ་ན། །མི་རྗེ་ལྷ་ཡི་སྲས་པོ་བཞུགས། །དེ་ཡི་གཡོག་ཞིག་ཡིན་ན་དགའ་བ་ཨང༌། ཞེས་གླུ་བླངས་པ་རེད།
༤༢༽ གླུ་ཚིག་གི་ནང་དོན་ནི་ཟིང་པོ་རྗེ་ལ་ངོ་ལོག་སྟེ་སྟག་རི་གཉན་གཟིགས་ཀྱི་བློན་པོ་བྱེད་པ་གོ་བས། དབྱི་ཚབ་ཀྱིས་ཀྱང་དེ་ཤིན་ཏུ་བདེན་སྙམ་སྟེ། གཉིས་ཀས་ཟིང་པོ་རྗེར་ངོ་ལོག་རྒྱུའི་མནའ་བཞག
༤༣༽ དེ་ནས་དབའ་དབྱི་ཚབ་ཀྱི་ཞང་པོ་མནོན་བཟང་ཏོ་རེ་སྲོན་དང༌། དེའི་བུ་པང་གསུམ་འགྲོན་པོ། ཙེང་སྐུའི་གྲོགས་མཆོག་ཆེས་པོ་ནགས་སེང༌། བཅས་ཀྱིས་གསང་བའི་མནའ་གྲོགས་བསྒྲིགས་ཏེ་ཟིང་པོ་རྗེ་ལ་ངོ་ལོག་པའི་ཇུས་བཤམས་པ་རེད།
༤༤༽ དེ་ནས་ཁོང་ཚོ་ཉིན་མོར་ཕག་ཚལ་ནགས་སུ་ཡིབ་ཅིང༌། མཚན་མོར་སྐུ་མཁར་ཕྱིང་བ་སྟག་རྩེ་ལ་སོང་ནས་བཙན་པོ་སྟག་རི་གཉན་གཟིགས་ལ་གསང་བའི་སྒོ་ནས་མཇལ་བའི་གོ་སྐབས་འཚོལ་བཞིན་བསྡད།