སྟག་རི་གཉན་གཟིགས།
༣༥༽ དེ་ལ་ཟིང་པོ་རྗེ་ཐུགས་རབ་ཏུ་དགྱེས་ནས། ཁྲི་འབངས་གསུམ་གྱི་སུམ་ཆ་གཅིག་ཙམ་འཛི་ཟུང་ལ་བྱ་དགར་སྤྲད་པའི་ཐོག ད་དུང་དམག་དཔོན་ཆེན་པོ་མྱང་ཙེང་སྐུ་ཡང་ཁོའི་སྐུ་སྲུང་དུ་གནང་བ་རེད།
༣༦༽ དཔའ་རྩལ་དང་བྱས་རྗེས་ཅན་གྱི་དམག་དཔོན་མྱང་ཙེང་སྐུ་ལ། འཛི་ཟུང་གི་ཆུང་མ་པ་ཚབ་ཀྱིས། ཟ་མ་གཡོ་སྐོལ་བྱེད་པ་སོགས་ཁ་གཡོག་ལག་གཡོག་ཏུ་བཀོལ་ཏེ་བརྙས་བཅོས་ཚད་མེད་བྱས་པས་བཟོད་བསྲན་དཀའ་བར་གྱུར།
༣༧༽ ཉིན་ཞིག་ཙེང་སྐུ་ཟིང་པོ་རྗེའི་མདུན་དུ་བཅར་ནས་རང་གི་ལས་གནས་སྤོ་བའི་རེ་འདུན་བཏོན་པར། ཟིང་པོ་རྗེས། ང་ལ་གཉན་འཛི་ཟུང་ལས་ལྷག་པའི་བློན་པོ་མེད། རྗེ་མོ་ལ་ཡང་དབང་ཡོད་པས་བརྙས་ཀྱང་ཉེས་པ་མེད། བཟོད་པ་སྒོམས་ཤིག་གསུངས་པས་བློ་ཕམ་བྱུང༌།
༣༨༽ སྐབས་དེར། ནང་བློན་གཤེན་ཁྲི་བཞེར་འདོན་ཀོང་ཞེས་པ་དང་དབའ་ཏོ་རེ་ཁྲུ་གུ་གཉིས་དབར་འཁྲུག་རྩོད་བྱུང་སྟེ། ཕན་ཚུན་ལག་འཛིང་ཁྲོད་ནང་བློན་གྱིས་ལག་ཉེས་ཤོར་ཏེ་དབའ་ཏོ་རེ་ཁྲུ་གུ་བསད།
༣༩༽ དེར་དབའ་ཏོ་རེའི་གཉན་ཚན་རྣམས་སྙིང་ནད་མ་ཐེག་ཀྱང༌། ནང་བློན་ཟིང་པོ་རྗེ་ཐུགས་མཉེས་ཤིང་དབང་ཆེ་བས་བྱ་ཐབས་བྲལ་བས། ཕུ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས། ཟིང་པོ་རྗེར་ཞུ་གཏུགས་བྱས་ཏེ། མི་བསད་པའི་སྟོང་འཇལ་དགོས་ཚུལ་ཞུས།