སྟག་རི་གཉན་གཟིགས།
༣༠༽ སྐབས་དེར། བློན་པོ་ཁྲི་ངོར་སྣང་བཙུན་མོང་གི་བུས། བྲེ་དང་ཕུལ་དང་སྲང་གི་ཚད་གཞི་བཟོས་ཏེ་འབྲུ་རིགས་དང་མར་ཕྱུར་བརྗེ་ཚོང་གི་སྲོལ་བཏོད་དེ་ཚོང་ལས་ཡར་རྒྱས་ཐད་བྱས་རྗེས་བཞག་པས། མཛངས་མི་བདུན་གྱི་གསུམ་པར་གྲགས།
༣༡༽ སྐབས་དེར་སྤུར་བའི་ཡུ་སྣ་ཞེས་པ་ན། འབངས་ཁྱིམ་ཁྲི་གསུམ་ཅན་གྱི་རྒྱལ་པོ་ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པ་ཞིག་ཡོད། རྒྱལ་པོ་དེ་གདུག་རྩུབ་ཆེ་ཞིང་བྱ་བ་ཚང་མ་ཕྱིན་ཅི་ལོག་རང་བྱེད་པ་ཞིག་ཡིན་པས། བློན་འབངས་ཚང་མ་ངལ་ཞིང་ཡིད་ཆད་པར་གྱུར།
༣༢༽ ཉིན་ཞིག་བློན་པོ་གཉན་འཛི་ཟུང་ནག་པོས་རྗེ་ལ། རྗེ་བོ་ཁྱེད་ཀྱི་མཛད་སྤྱོད་ངན་པས། མི་སེར་མང་པོ་གཞན་དུ་བྲོས་ཤིང་ཤོར་བཞིན་ཡོད། མི་ཆོས་བཟང་པོ་ཉམས་ཤིང་ད་ནི་རྒྱལ་སྲིད་ཀྱང་ཉམས་ཉེན་ཆེ། ཞེས་ཤ་ཚ་བའི་ཁ་ཏ་ཞུས།
༣༣༽ འོན་ཀྱང་ཟིང་པོ་རྗེ་ཐུགས་ཁྲོས་ཏེ། ཁ་ཚུམས། ཁྱོད་ཀྱིས་རྗེ་ང་ལ་ཡང་ཚིག་རྩུབ་བཤད་ཕོད་དམ། རྒྱལ་པོར་སྐྱོན་མཚང་བརྗོད་པ་ནི་ཉེས་པ་ཆེས་ཚབས་ཆེན་བསགས་པ་རེད། ཅེས་ཁོ་ལ་བཀའ་ཆད་དྲག་པོ་བཏང་བ་རེད།
༣༤༽ དེ་གཉན་འཛི་ཟུང་གི་སེམས་ལ་འཕོགས་ཏེ། འོ་ན། ང་ཡང་སྤྱོད་པ་ལོག་པ་བྱེད་སྙམ་ནས། མངོན་སུམ་དུ་བརྐུ་འཕྲོག་གསོད་གསུམ་བྱས་ཏེ། རྒྱུ་ནོར་མང་པོ་ཟིང་པོ་རྗེ་ལ་ཕུལ་ནས་ངོ་དགའ་སྤྲེལ་ལད་འཁྲབ་ནས་བསྡད་པ་རེད།