སྟག་རི་གཉན་གཟིགས།
༢༠༽ གཡོག་མོས་ཉ་དང་སྦལ་པ་མར་ཁུའི་ནང་བཙོས་པ་མང་པོ་སྒམ་ནང་བླུགས་ནས་ཁྱེར་ཡོང་བ་དང༌། བཙུན་མོས་ཉིན་ལྟར་གཞན་གྱིས་མི་མཐོང་སར་གསང་ནས་ཟོས་པས། སྐུ་གཟུགས་སྔར་བཞིན་མཛེས་མདངས་ལྡན་པར་གྱུར།
༢༡༽ དེར་རྒྱལ་པོའི་ཐུགས་ལ། ཨ་ཡ་མཚན། བཙུན་མོ་འདིས་ཟ་མ་ཡ་མཚན་ག་རེ་ཟ་གི་ཡོད་དམ། ཟ་མ་དེ་བདག་གིས་ཀྱང་ཟ་དགོས་དགོངས་ཏེ། བཙུན་མོའི་མཛད་སྤྱོད་ལ་ལྐོག་ཏུ་བརྟག་ཞིབ་གནང་བ་རེད།
༢༢༽ ཉིན་ཞིག་བཙུན་མོ་ཕོ་བྲང་ཕྱིར་ཕེབས་པའི་རྗེས་སུ། བཙན་པོས་བཙུན་མོའི་ཟས་སྣོད་ཀྱི་སྒམ་ཁ་ཕྱེ་བ་ན། སྦལ་པ་དང་ཉ་རོ་མང་པོ་མཐོང་བས་ཞེན་པ་ལོག་ཅིང་རྣམ་རྟོག་ཆེན་པོ་ལངས། དེས་རྐྱེན་པས་མི་རིང་བར་བཙན་པོར་མཛེ་ནད་ཕོག
༢༣༽ བཙན་པོའི་མཛེ་ནད་དེ་རིམ་བཞིན་བཙུན་མོ་དང་བློན་པོ་ལའང་འགོས་པས། ད་ནི་འགོས་ནད་འདི་བཅོས་ཐབས་མེད་པས། འདི་ལྟར་བསྡད་ན་སྲས་ལའང་ཕོག་ཉེན་ཆེ་བས་རྒྱལ་སྲིད་ལའང་གནོད་ཚབས་ཆེ་བར་དགོངས།
༢༤༽ དེ་ནས་བཙན་པོས། འ་ཞ་ནས་སྨན་པ་གདན་དྲངས་ཏེ་མིག་ལ་སྨན་བཅོས་བྱོས། གལ་ཏེ་བཅོས་མ་ཐུབ་ན། སུམ་པའི་ཡུལ་དུ་རྒྱ་མོ་ཆ་ལྕམ་ལ་ངའི་བུ་སུམ་རི་རིང་པོ་ཞེས་པ་ཡོད་པས། དེ་བོས་ནས་ཁྱོད་རང་ཤི་རྫུ་བྱས་ཏེ་ཁོར་རྒྱལ་ས་འཛིན་དུ་ཆུག ཅེས་ཞལ་ཆེམས་གནང༌།