སྟག་རི་གཉན་གཟིགས།
༨༠༽ དེ་ནས་འབྲོང་ཤ་ཟོས་ཤིང༌། ཤ་ལྷག་འཕྲོས་རྣམས་དུམ་བུར་བཅད་དཻ་རྟ་སྒ་ལ་བཏགས་ནས་འོངས་པས། གྱད་མི་ཞིག་གི་རྟ་འདྲོགས་ཏེ་འཕོངས་ཀྱི་ཤ་དུམ་བུ་དེ་ཚྭ་འདམ་ཞིག་གི་ནང་དུ་ལྷུང༌།
༨༡༽ དེར་ངལ་གསོས་ནས་ཤ་དེ་བཙོས་ཏེ་ཟོས་པས། བྲོ་བ་ཧ་ཅང་ཞིམ་པོ་ཞིག་བྱུང་བས། འདི་ཞིམ་པོ་འདུག་ཅི་ཡིན་ནམ་ཞེས་ཤ་ལྷུང་ས་དེར་བརྟགས་པས། རྡོ་རིལ་དཀར་པོ་འདྲ་བ་མང་པོ་ཡོད་པ་མཐོང་ནས་བྲོ་བ་མྱངས་པས་དེ་ཡིན་པ་ཤེས།
༨༢༽ བཙན་པོ་ཐུགས་མཉེས་ཏེ། འདི་ནི་རོ་མཆོག་ཅིག་གོ །ང་ཚོས་མང་པོ་ཁྱེར་ནས་འགྲོ། ཞེས་གསུངས། ཁོ་ཚོས་ཚྭ་རྡོག་མང་པོ་བླངས་ནས་ཁྱེར་ཅིང༌། དེ་ནས་བཟུང་བྱང་གི་ཚྭ་ལེན་པའི་སྲོལ་བྱུང་ཟེར།
༨༣༽ དེ་ནས་བཙན་པོས་མུ་མཐུད་མངའ་ཐང་རྒྱ་བསྐྱེད་འདོད་ཀྱིས་དཔུང་ཆེན་པོ་བལྟས་པས་ཕ་མཐའ་མི་མངོན་པ་ཤར་ཕྱོགས་ཀྱི་རྒྱལ་ཕྲན་ཁག་དྲག་ཤུགས་ཀྱིས་མངའ་དབང་དུ་བསྡུས་ཏེ་རྒྱ་ནག་ཙི་ནའི་ཡུལ་ལ་དམག་དྲངས།
༨༤༽ བོད་དམག་གིས་རྒྱའི་མཁར་རྫོང་མང་པོ་རིམ་པར་ཕབ་སྟེ། དུས་ཡུན་རིང་པོ་མ་འགོར་བར་རྒྱ་ནག་རྒྱལ་པོའི་སྐུ་མཁར་གྱི་ཉེ་འདབས་སུ་སླེབས། དེར་དམག་འཁྲུག་བྱས་པས་རྒྱ་དམག་རྣམས་ཕམ་སྟེ་མཁར་ནང་དུ་བྲོས་ཏེ་འགོག་སྲུང་བྱས།