སྟག་རི་གཉན་གཟིགས།
༧༠༽ དེ་ནས་སེང་མགོ་མི་ཆེན་གྱིས་རྟ་དམག་དཔུང་སྟོངཕྲག་མང་པོ་གོ་ལག་ཧྲག་བསྡུས་ཀྱིས། སྟོབས་ལྡན་གྱད་ཀྱིས་འཕངས་པའི་མདའ་མོ་བཞིན་མྱུར་བ་མྱུར་དུ་དྭགས་པོ་ལྷ་དེ་བརྒལ་ནས་གཡུལ་དུ་ཆས།
༧༡༽ སེང་མགོ་མི་ཆེན་གྱིས་དྭགས་པོའི་འགོ་དཔོན་གྱི་གཞིས་ཀར་དམག་འཐབ་ཐེངས་གཅིག་གིས་རྒྱལ་ཁ་བླངས་པས། དམངས་ཁྲོད་དུ། མདུང་མོ་ཐེངས་གཅིག་གིས། །འབྲོང་མོ་ཐང་གང་ཐོབ། །ཅེས་སེང་མགོ་མི་ཆེན་གྱི་དཔའ་རྩལ་ལ་བསྟོད་གླུ་བླངས།
༧༢༽ དེ་ནས་བཙན་པོས་བཀྲ་ཤིས་གཡུལ་རྒྱལ་གྱི་གསོལ་སྟོན་རྒྱ་ཆེར་བཤམས་ཏེ། སེང་མགོ་མི་ཆེན་གྱིས་གཙོ་བྱས་པའི་དཔའ་བོ་རྣམས་གཟེངས་སུ་བསྟོད་ཅིང༌། རྒྱལ་བློན་རྣམས་ཤ་ཆང་དང་གླུ་གཞས་ལ་ཅི་དགར་རོལ།
༧༣༽ སྐབས་དེར། ཁྱུང་པོ་སྤུང་སད་ཟུ་ཙེས་མགྲིན་པ་གཟེངས་སུ་བཏེགས་ཏེ། རྒྱལ་བློན་འབངས་ཚོགས་ཐམས་ཅད་འདུས་པའི་དབུས་སུ། རང་ཉིད་ཀྱི་བྱས་རྗེས་དང་དབང་ཐང་ངོམ་ཞིང༌། སེང་མགོ་མི་ཆེན་སོགས་ལྷོ་རྔོགས་པར་ཟུར་ཟ་བྱེད་བའི་གླུ་བླངས།
༧༤༽ དེ་བཙན་པོའི་ཐུགས་ལ་ཕོག་སྟེ། གླུ་ལན་སྤྲད་ན་ཅི་མ་རུང་དགོངས་ཀྱང༌། རེ་ཞིག་གླུ་ལན་སྤྲོད་མཁན་གཅིག་ཀྱང་མ་བྱུང་བར་བརྟེན། བཙན་པོས་ཉང་གི་མང་པོ་རྗེ་ཞང་སྣང་ལ་གླུ་ལན་ཕུལ་བའི་བརྡ་བཏང་ངོ༌། །