སྟག་རི་གཉན་གཟིགས།
༥༥༽ ཁྱུང་པོ་སྤུང་སད་ཟུ་ཙེས་ཉིན་ལྟར་མར་མུན་གྱི་རྗེ་པོའི་སྲིད་དབང་འཕྲོག་པའི་གོ་སྐབས་འཚོལ་ཞིང་བསྡད། ཉིན་ཞིག ཟུ་ཙེས་རང་གི་དམག་དཔུང་ཁྲིད་དེ་གློ་བུར་དུ་མར་མུན་གྱི་རྗེ་པོའི་ཕོ་བྲང་ནང་འཛུལ་ནས། རྒྱལ་པོ་འཁོར་དང་བཅས་པ་བཀྲོངས་སོ། །
༥༦༽ ཟུ་ཙེས་འདོད་རྔམས་ཁོག་བཅངས་ཀྱིས་བཙན་པོ་ཁྲི་སློན་བཙན་ལ་མགོ་བཏགས་ནས། མར་མུན་གྱིས་བཙན་པོ་མཆོག་ལ་ངོ་ཡ་བྱེད་འདོད་འདུག་པས་བདག་གིས་བསད་པ་ཡིན། ཞེས་དུད་ཚང་ཉིས་ཁྲི་དང་བཅས་པའི་མངའ་ཐང་ཚང་མ་བཙན་པོར་ཕུལ།
༥༧༽ བཙན་པོ་ཐུགས་ཡིད་ཆེས་ནས། ཟུ་ཙེ་ལ་གཟེངས་བསྟོད་ཆེད་མར་མུན་གྱི་མངའ་ཐང་ཚང་མ་ཁོ་རང་ལ་བྱ་དགར་སྩལ་བས། ཟུ་ཙེས་ཁོ་པོའི་གཡོ་ཇུས་ལམ་ལྷོང་བྱུང་སོང་སྙམ་ནས་ཧམ་སེམས་སྔར་ལྷག་སྐྱེས་པ་རེད།
༥༨༽ ཁྱུང་པོ་སད་ཟུ་ཙེ་ལ་གཙང་གི་སྲིད་དབང་ཐོབ་རྗེས། བཙན་པོ་ཁྲི་སློན་བཙན་གྱི་རྒྱལ་སྲིད་འཕྲོག་རྩིས་ཀྱི་ཧམ་སེམས་ཡོད་ཀྱང༌། བཙན་པོ་དབང་ཐང་ཆེ་བས་མངོན་སུམ་དུ་སྒྲུབ་དཀའ་བ་མཐོང་ནས། རིམ་པས་ལྐོག་གསོད་བྱ་རྒྱུའི་གཡོ་ཇུས་བཤམས།
༥༩༽ སྐབས་དེར་བཙན་པོར་སྙིང་ཉེ་བའི་བློན་པོ་མོང་སྔོན་པོ་ཞེས་པས་ཟུ་ཙེ་ལ་སྔ་ས་ནས་དོགས་ཟོན་བྱས་ཡོད་པས། གཙང་དུ་ཉན་རྣ་དང་སོ་ཉུལ་མངགས་པ་མ་ཟད། ཟུ་ཙེའི་གཤམ་འོག་དམག་མིའང་དངུལ་རྔན་གྱིས་བསླུ་ཐུབ་པ་བྱུང༌།