སྟག་རི་གཉན་གཟིགས།
༥༠༽ བཙན་པོ་ཁྲི་སློན་བཙན་རྒྱལ་ཁྲིར་ཕེབས་རྗེས། ཙེང་སྐུ་དང་དབྱི་ཚབ་སོགས་ཀྱིས་བཙན་པོར་གསང་མཇལ་གྱིས། སྔར་གྱི་གནས་ཚུལ་ཞུས་ཏེ། ད་ནས་བཟུང་ང་ཚོ་སྤུ་རྒྱལ་ལ་མགོ་བཏགས་པ་ཡིན། བཙན་པོས་ཅི་གསུང་བཀའ་བཞིན་སྒྲུབ་ཆོག་ཅེས་དམ་བཅས།
༥༡༽ དེར་མྱང་ཙེང་སྐུ་དང་མནོན་འགྲོན་གཉིས་ཟིང་པོ་རྗེ་སར་མྱུལ་ཞིབ་ཏུ་མངགས་ཤིང༌། བཙན་པོ་རང་ཉིད་ཀྱིས་དབྱི་ཚབ་དང་ནགས་སེང་ལ་དམག་ལམ་ཁྲིད་བཅུག་ནས་ཁྲི་དམག་གཅིག་དྲངས་ཏེ་དཔུང་འཇུག་བྱས།
༥༢༽ ཟིང་པོ་རྗེ་ལ་སྔོན་ཚུད་ནས་དམག་འཁྲུག་གི་གྲ་སྒྲིག་གང་ཡང་མེད་པར་བརྟེན། གཡུལ་ཕམ་སྟེ་སྐུ་མཁར་ཡུ་སྣ་བཙན་པོའི་དམག་གིས་བཅོམ། ཟིང་པོ་རྗེ་ཚར་བཅད། འཕན་ཡུལ་ཆ་ཚང་བཙན་པོའི་མངའ་འོག་ཏུ་ཚུད།
༥༣༽ བཙན་པོས། དབའ་དབྱི་ཚབ་དང༌། མྱང་ཙེང་སྐུ་དང༌། མནོན་འགྲོན་པོ་གསུམ་ལ་ཁྱིམ་ཚང་ལྔ་སྟོང་རེ་དང། ནགས་སེང་ལ་དུད་ཁྱིམ་སུམ་བརྒྱ་བཅས་ཀྱི་བྱ་དགའ་གནང་ཞིང༌། ཚང་མ་སྤུ་རྒྱལ་རང་གི་བློན་པོར་བསྐོས་པ་རེད།
༥༤༽ སྐབས་དེར། གཙང་གི་རྒྱལ་ཕྲན་མར་མུན་ཞེས་པ་ཞིག་ཏུ་ཁྱུང་པོ་སྤུང་སད་ཟུ་ཙེ་ཞེས་གཡོ་ཇུས་ལ་མཁས་པའི་དམག་དཔོན་ཞིག་ཡོད། དེས་དབའ་དབྱི་ཚབ་སོགས་བོད་ཀྱི་བཙན་པོས་ཐོབ་དང་གོ་ས་ཕུན་སུམ་ཚོགས་པ་སྩལ་པ་མཐོང་བས་ཧམ་སེམས་ཆེན་པོ་སྐྱེས།