སྲོང་བཙན་སྒམ་པོ།
༣༥༽ མགར་གྱིས་བཙན་པོའི་རྗེས་ཟིན་པ་དང་རྟ་ལས་བབས་ཏེ་གུས་ཕྱག་ཕུལ་ནས། བཙན་པོ་ཟུར་ཞིག་ཏུ་གདན་ཞུས་ཏེ་ཟུ་ཙེས་གཡོ་སྒྱུ་གཤོམ་པའི་གནས་ཚུལ་ཚང་མ་ཞུས་པས། བཙན་པོས་བརྟག་ཞིབ་ནན་ཏན་བྱ་ཆེད་བློན་པོ་མགར་སོགས་སྔོན་ལ་བཏང༌།
༣༦༽ དེར་བློན་པོ་མགར་གཅིག་པུ་ཟུ་ཙེའི་ཕོ་བྲང་ཁྲི་བོམས་ཀྱི་སྒོ་ཆེན་ཁར་ཕེབས་ནས། སྒོ་སྲུང་བར། ཁྭ་ཏ་ནག་པོའི་ཕྲག་དོག་གིས། །རྨ་བྱར་འགྲན་པ་སྲོག་གི་གཤེད། །ཅེས་ཟུ་ཙེར་ངག་འཕྲིན་བསྐུར།
༣༧༽ ཟུ་ཙེས་མགར་གྱིས་གསང་བ་ཚོར་བ་ཤེས་ཏེ། གཡོ་ཐབས་ཤིག་དྲན་ནས། ལམ་སང་ཕོ་བྲང་སྒོ་ཁར་ཡོང་ནས་ཤིན་ཏུ་ཁྲོས་པའི་ཚུལ་གྱིས། "བློན་ཆེན་མགར་ལ་རྨི་ལམ་དུ་གདོན་འདྲེས་ཕྲ་མ་བཤད་པ་མིན་ནམ།" ཞེས་སྨྲས།
༣༨༽ དེར་བློན་པོ་མགར་གྱིས་རྟ་ཐོག་ཟུར་འདུག་ཅིག་བྱས་ཏེ་སྨྲས་པ། "དེ་ག་རང་རེད། ཞང་སྣང་བཟང་པོའང་འདྲེར་སྐྱེས་ཏེ་ཤི་དུར་ཁུང་ན་ཁྱོད་ལ་བསྒུགས་འདུག ད་ཁྱོད་ཀྱང་མགྱོགས་པོ་འགྲོ་རན་འདུག" ཞེས་སྨྲས།
༣༩༽ ཟུ་ཙེས། "ཁྱོད་ཀྱིས་ཅི་ཟེར་རམ། རྟ་ལས་བབས་ནས་བདག་ལ་རྒྱུ་མཚན་གསལ་པོ་ཞིག་གསུངས་དང༌།" ཞེས་བཤད་ཞོར་དུ་ཕུ་ཐུང་ནང་ནས་ལྐོག་མདའ་འཕེན་པར་བརྩམས་སྐབས། མགར་གྱིས་འཕུར་གྲི་ཞིག་གཡུགས་ཏེ་ཟུ་ཙེའི་དཔུང་གཡས་རྨས་ཏེ་ཕྱིར་བྲོས།