སྲོང་བཙན་སྒམ་པོ།
༣༠༽ དེར་ཟུ་ཙེ་སོང་ནས་བཙན་པོ་ལ་ཞུས་པ། སྔོན་བཙན་པོ་ཡབ་གནམ་རུའི་དུས། བདག་གིས་གཙང་བོད་འབངས་སུ་བཀུག འོན་ཀྱང་ཡུལ་འདིར་ཡབ་ཀྱིས་ཞབས་ཀྱིས་མ་བཅགས་ན། བཙན་པོ་སྲས་ཀྱིས་བདག་གི་ཁྱིམ་ལ་ཞབས་པད་འཁོད་རྒྱུ་མཁྱེན། ཞེས་ཞུས།
༣༡༽ བཙན་པོའི་ཞལ་ནས། ཡབ་ཀྱིས་དེར་ཞབས་ཀྱིས་མ་བཅགས་ཀྱང་ཁོང་གི་ཐུགས་ན་ཆེས་འདང་རྩིས་ཆེ་བའི་ནང་བློན་ཁྱོད་ཡིན། ཁྱོད་འདི་ལྟར་རྒས་ཀྱང༌། ཁྱོད་ཀྱི་དཔའ་མཛངས་བྱས་རྗེས་ལ་རྒས་པ་མེད། བདག་འོང་ཆོག ཅེས་ཞལ་བཞེས་གནང༌།
༣༢༽ དེར་ཟུ་ཙེ་ཕྱིར་གཙང་དུ་ལོག་ནས། རང་ཁྱིམ་ཁྲི་བོམས་སུ་རྒྱལ་པོར་དགྱེས་སྐྱེམས་སྟོན་ཆེན་ཞིག་བཤམ་རྒྱུ་དང༌། སྟོན་མོའི་སྐབས་དང་བསྟུན་ནས་བཙན་པོའི་སྐུ་སྲོག་ལ་བསྡོ་བའི་ངན་བྱུས་བཤམས་ཏེ་ཕྱི་ནང་གི་གྲ་སྒྲིག་མང་པོ་བྱས།
༣༣༽ མགར་གྱིས་བཏང་བའི་གསང་མྱུལ་བ་ཞིག་གིས་གནས་ཚུལ་མི་ལེགས་པ་ཤེས་ཏེ། ལམ་སང་མགར་ལ་གསང་བརྡ་བསྐྱེལ། བློན་པོ་མགར་བློ་མ་བདེ་བར་དེ་མ་ཐག་ཏུ་ཕོ་བྲང་དུ་ཕེབས་ཏེ་བཙན་པོའི་གཟིམ་ཆུང་དུ་བཅར།
༣༤༽ བློན་པོ་མགར་ཕོ་བྲང་དུ་འབྱོར་སྐབས། བཙན་པོས་ཆིབས་གཡོག་འགའ་ཁྲིད་དེ། གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་ཟིན་པ་ཐོས་པས། དངངས་འཚབ་ཆེན་པོས་རྟ་ནག་འཕུར་ཤེས་བཅིབས་ནས་བཙན་པོའི་རྗེས་སུ་བསྙེགས།