སྲོང་བཙན་སྒམ་པོ།
༢༠༽ ཁྲི་སྲོང་བཙན་གྱིས་ཟུ་ཙེར་གཟེངས་བསྟོད་དང་བཅས་སྔར་ལས་ལྷག་པའི་ཆེ་མཐོང་གནང་ན་ཡང༌། སུམ་པའི་བློན་ཆེན་དུ་གནས་སྐབས་རིང་མགར་སྟོང་བཙན་བསྐོས་པས། ཁོའི་རེ་ངན་སྟོང་ཟད་དུ་སོང་ཞིང་བཙན་པོ་དང་མགར་ལ་སྡང་སེམས་ཇེ་ཆེར་གྱུར།
༢༡༽ མགར་གྱིས་ཞང་སྣང་གིས་དེ་ལྟར་རྒྱལ་པོར་ངོ་ལོག་བྱེད་མི་སྲིད་སྙམ་ནས། རིམ་བཞིན་དོན་རྐྱེན་དེ་དག་གི་བྱུང་རིམ་རྩད་གཅོད་བྱས་པས་ཟུ་ཙེ་ལ་དོགས་པ་སྐྱེས་ཤིང་གསང་མྱུལ་བ་ཞིག་ཟུ་ཙེའི་བྱ་སྤྱོད་ལ་བརྟག་ཕྱིར་གཙང་དུ་སྡོད་དུ་བཅུག
༢༢༽ ཕྱི་ལོ་༦༣༧ ཡས་མས་ཤིག་ལ། ཁྲི་སྲོང་བཙན་གྱིས་རང་ཉིད་ཀྱི་བརྩེ་སེམས་ཆགས་པའི་མཛའ་མོ་རུ་ཡོང་བཟའ་དང༌། མོང་བཟའ་ཁྲི་ལྕམ་གཉིས་རིམ་བཞིན་བཙུན་མོར་བཞེས་ཀྱང་གཅིག་ལའང་སྲས་མ་བྱུང༌།
༢༣༽ ཕྱི་ལོ་༦༤༢ ཙམ་ཞིག་ལ། དགུང་ལོ་རྒས་ནས་ངལ་གསོ་བའི་བློན་ཆེན་ཟུར་བ་དབའ་དབྱི་ཚབ་ཀྱིས། བཙན་པོའི་ནང་བློན་བྲིན་སྙ་ཏོ་རེ་གཙུག་བློན་བརྒྱུད་དེ་སྲོང་བཙན་སྒམ་པོར་ངག་འཕྲིན་བསྐུར་དོན།
༢༤༽ ཁོ་བོས་སྔོན་ཆད་ཟིང་པོ་རྗེ་རྒྱབ་ཏུ་བསྐྱུར་ཅིང་སྤུ་རྒྱལ་པང་དུ་བླངས་ནས་རྒྱལ་པོ་ཡབ་སྲས་གཉིས་ལ་ཞབས་ཞུ་གང་ནུས་བྱས། ད་ནི་ཁོ་བོ་ལ་མགོའི་ཉི་མ་བཞིན་གྱུར་པས་དབུ་མནའ་ཞིག་བཞེས་པར་བདག་གི་ཁྱིམ་དུ་ཞབས་སོར་འཁོད་པ་ཞིག་མཁྱེན། ཞེས་སྨྲས།