སྲོང་བཙན་སྒམ་པོ།
༡༠༽ དེ་ནས་རིམ་གྱིས་དྭགས་པོ་དང༌། ཀོང་པོ། མྱང་པོ་བཅས་ངོ་ལོག་པ་རྣམས་ཀྱང་ཞི་དྲག་ཐབས་ཚུལ་དུ་མས་ཟིང་འཁྲུག་ཞི་འཇགས་བཏང་ནས། རྒྱལ་སྲིད་ཀྱི་རྨང་གཞི་དབུས་དང་གཙང་གི་མངའ་ཁམས་བདེ་འཇགས་མཛད།
༡༡༽ དེ་དག་ཕྱིར་བསྡུས་ནས་དམག་དཔུང་རྒྱ་བསྐྱེད་དེ། དམག་རྟ་དང་དམག་དར་གྱི་ཚོན་མདོག་ཀྱང་སོ་སོར་དབྱེ་བའི་དམག་གི་སྒྲིག་གཞི་གསར་བཅོས་ཀྱིས་དབུ་རུ་དང་རུ་ལག གཡས་རུ་དང་གཡོ་རུ་སྟེ་སྟོང་སྡེ་བཞི་བཅུ་ལོངས་པ་དེ་དག་དཔུང་གི་སྟོབས་ཤུགས་གཙོ་བོ་ཡིན།
༡༢༽ བློན་ཆེན་མྱང་མང་པོ་རྗེ་ཞང་སྣང་གིས་བོད་ཤར་ཕྱོགས་སུ་དམག་དཔུང་དྲངས་ཏེ། དྲག་པོ་གཡུལ་གྱི་ལས་ཤུགས་ཆེར་མ་དགོས་པར། ཞི་དྲག་ཟུང་འབྲེལ་གྱི་ཐབས་མཁས་སྒོ་ནས་ཤར་ཕྱོགས་སུམ་པའི་ཡུལ་གྱི་རྒྱལ་ཁམས་བོད་ཀྱི་མངའ་འོག་ཏུ་བསྡུས།
༡༣༽ དེ་ལྟར་བློན་ཆེན་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་རྗེས་ཆེན་པོ་བཞག་པས། བཙན་པོ་ཐུགས་རབ་ཏུ་དགྱེས་ཏེ། དམག་དཔུང་སྟོང་སྡེ་བཅུ་གཅིག་ཡོད་པའི་སུམ་པ་མངའ་སྡེ་ཆེན་པོའི་བློན་ཆེན་གཙོ་བོར་བསྐོས་ཏེ་གཟེངས་སུ་བསྟོད།
༡༤༽ ཚུལ་དེ་ལ་ཁྱུང་པོ་སྤུང་ཟད་ཟུ་ཙེས་ཕྲག་དོག་འགྲན་སེམས་དང༌། ཞང་སྣང་གི་དབང་ཆ་གཡོ་འཕྲོག་གིས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་འདོད་ཀྱིས་བཙན་པོ་དང་བློན་ཆེན་ཞང་སྣང་གི་བར་ལ་འགལ་བ་བཟོ་བའི་གཡོ་ཇུས་རིམ་པར་འཐེན།