སྲོང་བཙན་སྒམ་པོ།
༥༽ སྐབས་དེ་ཙམ་ན། ཟུ་ཙེ་སོགས་ཀྱི་ས་འོག་དར་འཐགས་ལ་བརྟེན། བློན་པོ་ཚོའི་ནང་ཁུལ་མ་མཐུན་པ་དང༌། མི་སེར་ནང་ཟིང་འཁྲུག་གིས་དྭགས་ཀོང་མྱང་གསུམ་དང༌། སུམ་པ། ཞང་ཞུང༌། བལ་ཡུལ་བཅས་ཀྱང་སྔ་གཞུག་ཏུ་བཙན་པོར་ངོ་ལོག
༦༽ དེར་བརྟེན། ཕྱི་ལོ་༦༢༩ ལོའི་ལོ་སར་སྐབས། རྒྱལ་པོའི་སྐུ་གཤེན་གྱིས་མོ་དང་རྩིས་བྱས་ཏེ། ལོ་འདིར་བཙན་པོའི་སྐུ་སྲོག་ལ་བར་ཆད་ཆེ་ཚུལ་ཞུས་པས། གནམ་རི་སྲོང་བཙན་གྱིས་ཐུགས་མ་བདེ་བར་སྲས་ཁྲི་སྲོང་བཙན་རྒྱལ་སར་བཀོད།
༧༽ ལོ་དེར་ཡབ་དུག་གིས་གྲོངས་ཁར། སྲས་ལ། བློན་ཆེན་མགར་སོགས་ལ་བརྟེན་ནས་ནང་ཁུལ་གཙང་སེལ་དང༌། ཆབ་འབངས་ངོ་ལོག་ཚང་མ་ཕྱིར་འགུགས་ཀྱིས་བོད་ཁམས་གཅིག་གྱུར་དང་གནམ་འོག་ཞི་བདེར་འགོད་དགོས་པའི་ཞལ་ཆེམས་བཞག
༨༽ བློན་པོ་མགར་དང༌། དབའ་དབྱི་ཚབ། མྱང་མང་པོ་རྗེ་ཞང་སྣང་སོགས་རྒྱལ་པོར་བློ་དཀར་ཅིང་བྱས་རྗེས་ཆེ་བའི་བློན་ཆེན་དག་གི་གཞོགས་འདེགས་འོག་དགུང་ན་བཅུ་གསུམ་ལ་སོན་ཙམ་གྱི་སྲས་ཁྲི་སྲོང་བཙན་གྱིས་རྒྱལ་སྲིད་ཀྱི་འགན་ཐམས་ཅད་ཐེག་པ་བྱས།
༩༽ དེ་ནས་ཁྲི་སྲོང་བཙན་གྱིས། ཐོན་མི་ཞི་བའི་ནང་བློན་དུ་བསྐོས་ཤིང༌། བློན་ཆེན་མགར་སོགས་ལ་བཀའ་ཕབ་ནས། ཐོག་མར་ཡབ་བཀྲོངས་མཁན་གྱི་སྐུ་འཁོར་མི་ངན་དག་རྩད་གཅོད་གནང་སྟེ། མི་ངན་དེ་དག་གི་མི་ཚང་རྒྱུད་པ་དང་བཅས་པ་ཚར་བཅད།