སྲོང་བཙན་སྒམ་པོ།
༥༥༽ དེར་སྲོང་བཙན་གྱི་སྲིང་མོ་སད་མ་ཀར་དང་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐིག་སྨན་གཉིས་དུས་གཅིག་ལ་ཞང་བོད་རྒྱལ་པོ་སོ་སོའི་བཙུན་མོར་བསུས་ཏེ། རྒྱལ་ཁབ་གཉིས་ཀྱིས་ལྷན་དུ་བདུན་ཕྲག་གཅིག་རིང་གཉེན་སྟོན་རྒྱས་པར་གནང༌།
༥༦༽ དེ་ནས། ཞང་ཞུང་གི་རྒྱལ་པོར་ཤིན་ཏུ་སྙིང་ཉེ་བའི་ཆེན་མ་ཤུད་ཀེ་བཟའ་དང་འགྲོགས་ཏེ་དགའ་མགུར་སྤྱད་ནས། ཆུང་མ་སད་མ་ཀར་ལ་དེ་ཙམ་ཡག་པོ་མ་གནང་བས། མོ་ཡང་མ་དགའ་བར་ལོགས་ཤིག་ཏུ་གཅིག་པུར་བསྡད།
༥༧༽ གནས་ཚུལ་དེ་སྲོང་བཙན་གྱིས་གསན་ནས། ནང་བློན་སྦུག་གྱིམ་བཙན་རྨང་ཆུང་ལ། སྲིང་མོར་དེ་ལྟར་བྱས་ན་དོན་ཆེན་སྒྲུབ་པར་བར་ཆད་འབྱུང་བས། ངེས་པར་ཞང་ཞུང་རྒྱལ་པོ་མཉམ་དུ་སྲིད་འཛིན་ཐབས་བྱེད་དགོས་པའི་ངག་འཕྲིན་བསྐུར་ཏེ་བཏང༌།
༥༨༽ རྨང་ཆུང་གིས་རྟ་བཞོན་ནས་མྱུར་དུ་མངའ་རིས་སུ་ཕྱིན། ཁོ་ཁྱུང་ལུང་ཕོ་བྲང་དུ་སླེབས་པ་ན། བཙུན་མོ་སད་མ་ཀར་ནི་མ་ཕམ་གཡུ་མཚོའི་ཁར་སྐྱོ་བསང་དུ་ཕེབས་ཟིན་པའི་གནས་ཚུལ་གོ་ཐོས་བྱུང༌།
༥༩༽ རྨང་ཆུང་མཚོ་འགྲམ་དུ་སླེབས་པ་དང་སད་མ་ཀར་གྱིས་དེར་ཆུ་རྩེད་བྱེད་བཞིན་པ་དང་མཇལ། མོ་ཤིན་ཏུ་དགའ་ནས། རྨང་ཆུང་བདེའམ། གཅེན་བཙན་པོ་བདེའམ། ཞེས་འཚམས་འདྲི་གནང་བར། རྨང་ཆུང་གིས་ཕྱག་བཅས་བདེ་བར་ཡོད་ལགས་ཞེས་ལན་ཕུལ།