གཉའ་ཁྲི་བཙན་པོ།
༤༠༽ རྒྱལ་པོའི་སྐུ་ཡུལ་སྤུ་བོ་ནས་ཡིན་པས་སྤུ་རྒྱལ་ཞེས་དང༌། གཉའ་བར་ཁུར་ནས་གདན་དྲངས་པས་གཉའ་ཁྲི་བཙན་པོ་ཞེས་ཀྱང་གྲགས། དེ་ནས་བཟུང་ཡུལ་དེའི་ཁ་རྗེ་དབང་ཐང་སྔར་ལས་ཇེ་རྒྱས་སུ་ཕྱིན།
༤༡༽ དེ་ནས་བློན་འབངས་ཚང་མས་རྒྱལ་པོར་དད་གུས་ཀྱིས་རི་སྒང་ལ་སྔོན་ཆད་མ་བྱུང་བའི་སྐུ་མཁར་བརྗིད་པོ་ཞིག་བཞེངས། འབངས་མི་ཀུན་གྱིས་ཕོ་བྲང་དེའི་མཚན་ལ་ཡུམ་བུ་བླ་སྒང་ཞེས་བོད་ཀྱི་རྒྱལ་པོའི་ཕོ་བྲང་ཐོག་མ་བྱུང༌།
༤༢༽ རྒྱལ་པོས། སྐུ་གཤེན་བོན་པོ་གཉིས་བསྟེན་ཞིང༌། དམག་དཔོན་གཙོ་བོ་གཉིས་བཞག་སྟེ། ཐོག་མར་རིན་སྤུངས་ས་ཁུལ་གྱི་རྒྱལ་ངན་ཕམ་པར་བྱས་རྗེས། སྲིད་པ་རྒྱལ་ཕྲན་ལ་དམག་དྲངས་ཏེ་དབང་དུ་བསྡུས།
༤༣༽ དེ་རྗེས་བཙན་ཤེད་གདུག་རྩུབ་ཅན་གྱི་མདོ་སྟོད་སུམ་པ་རྒྱལ་ཕྲན་ལ་དམག་དྲངས་ཏེ་བོན་པོ་ཨོང་རྒྱལ་པོའི་དམག་དཔུང་ཕམ་པར་བཏང་ཞིང༌། རྒྱལ་པོ་བསད་ནས་ཡུལ་ཁམས་ཚང་མ་དབང་དུ་བསྡུས།
༤༤༽ གཞན་ཡང་སྤུ་བོ་དང༌། ཀོང་པོ། ཉང་པོ་སོགས་རྒྱལ་ཕྲན་མང་པོར་དམག་དྲངས་ཏེ་ཡར་ཀླུང་གི་ཡུལ་ལུང་ཕལ་མོ་ཆེ་མངའ་འོག་ཏུ་བཅུག