ཆེད་བརྗོད།
༄༅། །གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་སྐད་ཡིག་བསླབ་གཞིའི་རྩ་འཛིན་གཞིར་བཟུང་སྟེ། གཞི་རིམ་སློབ་གྲྭའི་བོད་དགེ་རྣམས་ཀྱི་བསམ་འཆར་བསྡུ་ལེན་དང་། འདས་པའི་བོད་ཕྱི་ནང་གི་སློབ་དེབ་དང་སློབ་ཁྲིད་ཀྱི་ཉམས་མང་ཕ ྱོ གས་ས ྱོ མ། གཞི་རིམ་འོག་མའི་སྐད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་གཞི་རྩའི་ལམ་སྟོན་བཅས་སྒོ་ཀུན་ནས་ལེགས་ཆ་བླངས་ཐོག པར་རིས་ཁག་འབྲི་རུ་བཅུག་པ་དང་། དྲ་ཚིགས་ནས་ཕབ་ལེན་གྱིས་བཅོས་སྒྲིག་བྱས་ཏེ། གཙོ་བོ་བོད་མིའི་སློབ་གྲྭ་ཁག་གི་ད་ལྟའི་སློབ་སྦྱོང་དང་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་ཏེ་རྩོམ་སྒྲིག་བྱས་པ་ཡིན། སྐད་ཡིག་སློབ་དེབ་འདི་ཉིད་སློབ་ཁྲིད་བྱེད་སྐབས་ཐུགས་སྣང་གནང་དགོས་པའི་དོན་གནད་ཆེ་ཁག་གཉིས་ནི། སློབ་དེབ་ཁོ་ན་ལས་མི་སློབ་པ་དང་། དེ་ཡང་བརད་དོན་བསླབ་ ྗོ བྱ་ལས་སྐད་ཡིག་གཙོ་བོར་མི་འཛིན་པའི་རྒྱུན་སྲོལ་དང་། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་ཀྱི་རྗེས་སུ་མི་འབྲང་རྒྱུ་དེ་ཡིན། དངོས་ཡོད་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དགེ་རྒན་རྣམ་པས་གཞི་རིམ་འོག་མའི་སྐད་ཡིག་བསླབ་གཞིའི་རྩ་འཛིན་གཙོ་བོར་བཟུང་སྟེ། གཞི་རྩའི་ལྟ་གྲུབ་དང་། སློབ་ཁྲིད་ཀྱི་ཁ་ཕྱོགས། གཙོ་ཕལ་གྱི་དབྱེ་བ། ལག་ལེན་གྱི་གོ་རིམ། གདེང་འཇོག་གི་ཐབས་ལམ་བཅས༌ཀྱི་གལ་གནད་དམ་འཛིན་བྱས་ཏེ་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས༌བྱ་དགོས།
སློབ་དེབ་འདི་ནི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་སྒྲུབ་ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས། གཞི་རིམ་འོག་མའི་འཛིན་རིམ་ཁག་གི་བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང་། སློབ་མ། ཁོར་ཡུག ཆ་རྐྱེན། ཤེས་ཡོན་ལམ་སྲོལ་མི་འདྲ་བའི་གནས་སྟངས་འོག་གཞི་རིམ་འོག་མའི་འཛིན་རིམ་ཁག་གི་སློབ་དེབ་འདིའི་ནང་དོན་དང་གོ་རིམ། ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱ་དགོས། འོན་ཀྱང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས་པ་ཡིད་འཇགས་འཚལ། ལོ་འཁོར་དང་དུས་ཚིགས་ཡིག་རྒྱུགས་སྐབས་སུ་དངོས་གཞིའི་སློབ་ཚན་ཁག་གི་ནང་དོན་ཁོ་ན་ཙམ་མ་ཡིན་པར། དམིགས་ཡུལ་དང་བྱེད་ནུས་མཚུངས་པའི་ནང་དོན་རྒྱུགས་ཞིབ་ཁོངས་སུ་བཅུག་ནའང་འཐུས། ང་ཚོའི་སློབ་ཁྲིད་དང་སློབ་སྦྱོང་གི་དམིགས་ཡུལ་ནི་སློབ་ཚན་བྱེ་བྲག་པ་དང་། སློབ་དེབ་བྱེ་བྲག་པ་ཙམ་མ་ཡིན་པར། སློབ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། ཁྱོན་ཡོངས་རྒྱུན་མཐུད་བརྟག་ཞིབ་(CCE)ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་མའི་སྐད་ཡིག་གི་གནས་ཚད་ལ་གདེང་འཇོག་བྱ་དགོས། སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་བརྟེན། སློབ་དེབ་འདི་ཉིད་བེད་སྤྱད་ནས་གཞི་རིམ་འོག་མའི་སློབ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་ཡོང་ཐབས་སྤྱི་དང་། ཁྱད་པར་བོད་ཡིག་འབྲི་ཀློག་བཤད་གསུམ་གྱི་ནུས་རྩལ་གོང་མཐོར་གཏོང་བའི་རེ་འདུན་ཞུ་རྒྱུ་དང་། འབྲེལ་ཡོད་སློབ་དགེ་དང་། ཐུགས་སྣང་ཅན་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༤ ཟླ་༦ ཚེས་༥ ཉིན།